Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཕྱག་གི་ཕན་ཡོན་དང་འགྱུར་ཆོག་དང་གོ་བདེར་ཉུང་བསྡུས།
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཕྱག་གི་ཕན་ཡོན་དང་འགྱུར་ཆོག་དང་གོ་བདེར་ཉུང་བསྡུས།next

ཕྱག་གི་ཕན་ཡོན་དང་འགྱུར་ཆོག་དང་གོ་བདེར་ཉུང་བསྡུས།


CMR035_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གི་ཕན་ཡོན་དང་འགྱུར་ཆོག་དང་གོ་བདེར་ཉུང་བསྡུས་སུ་བྲིས་པ་བཞུགས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ནས་བརྗོད་པ་དང་ཕྱག་འཚལ་བ་གཉིས་བསོད་ནམས་མཉམ་པར་གསུང་ཕྱིར། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་པ་ནས་བརྗོད་ཅིང་ཕྱག་འཚལ་ན་ཕན་ཡོན་ཤིན་ཏུ་ཆེའོ། །ཕྱག་འཚལ་བའི་དུས་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྗོད་ཅིང་ཕྱག་འཚལ་ན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ། ཆོ་འཕྲུལ་ཆེན་པོ་ཞེས་བྱ་བ་སྟོན་པས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་དུས། ས་ག་དུས་ཟབཟང་ཚེས་གཅིག་ནས་ཉའི་བར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། སྣོན་ཟླ་ས་རི་ཟླ་བའི་ཚེས་བཞི་དང་། ལྷ་ལས་བབ་པ་ཞལ་བཞེས་དུས། ཡུངས་བརྐོ་ཟླ་བའི་ཉི་ཤུ་བཞི་དང་བཅོ་ལྔ་དང་། །ལྷ་ལས་ཚེས་གཅིག་བབ་པའི་དུས། ཡུངས་བརྐོ་ཟླ་བའི་ཉི་ཤུ་གཉིས་ལ། ཕྱག་གཅིག་ཕུལ་བ་ཕྱག་འབུམ་ཐེར་དུ་འགྱུར་རོ་གསུངས། སྟོན་པ་ལྷུམས་སུ་ཞུགས་པ་དང་། རབ་ཏུ་བྱུང་བ་དང་སངས་རྒྱས་པའི་དུས་གསུམ་འཛོམས་པས། རྣམ་གསུམ་འཛོམ་པའི་དུས་ཞེས་བྱའོ། །བྱ་གྲག་ཟླ་བའི་བཅོ་ལྔ་ལ། ཕྱག་གཅིག་འཚལ་བ་འབུམ་ཐེར་ཡིན་ནོ། །དེ་རྣམས་འདུལ་བ་ལུང་དང་མདོ་སྡེ་མང་


CMR035_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནས་བཤད་པས་ཐེ་ཚོམ་མེད་དོ། །ཡང་རྟ་ཆེན་ཞེས་པའི་ཟླ་བ་ལ། ས་ག་དུས་བཟང་གི་ཚེས་གཅིག་ཉི་དྲོས་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་འབུམ་དང་ཁྲིའི་སྡིག་པ་དག་གོ །བྱའུ་ཟླ་བ་ཞིང་རྨོ་ཟླ་བའི་ཚེས་དགུའི་ཉི་དྲོས་ལ་ཁ་ཤར་དུ་རྒྱུ་ནས་ཕྱག་འཚལ་ནའང་བསྐལ་པ་འབུམ་ཁྲིའི་སྡིག་པ་དག །གདུབ་བུ་ཟླ་བ་ཞེས་པ་དབྱར་མཆོད་ཀྱི་ཚེས་དགུའི་ཉིན་ཕྱེད་ཁ་ཤར་དུ་གྲུ་ནས་ཕྱག་དགུ་ཕུལ་བས་བསྐལ་པ་འབུམ་ཁྲིའི་སྡིག་པ་དག་གོ་།དབོའི་ཟླ་བ་ཞེས་པ་གོ་མོ་ཕུག་ཟླའི་ཚེས་དྲུག་ཉི་མ་ཕྱེད་ལ་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་ཕུལ་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ །བྱ་སྦོའི་ཟླ་བ་ཞེས་ཆབ་མདོའི་དུས་བཟང་ཚེས་དྲུག་གི་ཉིན་ཕྱེད་ཕྱག་དགུ་ཕུལ་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ །ཕན་ཡོན་དེ་རྣམས་ནི་ས་ཡི་སྙིང་པོས་ཞུས་པའི་མདོ་ལས་གསུངས་སོ། །ཤར་དུ་ཕྱག་འཚལ་ན་ཤར་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་དམིགས་ནས་ཕྱག་འཚལ་བ་གལ་ཆེའོ། །དུས་ཚོད་དེ་རྣམས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན་སངས་རྒྱས་རྡོ་རྗེ་སེམས་དཔའི་དྲུང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཚོགས་པས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད་པས་ཕན་ཡོན་ཆེ་བ་ཡིན་ནོ་གསུངས་སོ། །དེ་དུས་ཀྱི་འགྱུར་ཡིན་ལ།


CMR035_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་འགྱུར་ནི་སྐྱེ་བོའི་ཕྱག་འབུམ་ཐེར་གཅིག་བྲམ་ཟེ་གཙང་མ་གཅིག་གི་ཕྱག་གཅིག་མཉམ། བྲམ་ཟེ་ནི་བོད་ན་མེད་དེ་རྒྱ་གར་ན་ཡོད་པས་ལྷ་ཚངས་པའི་ཆོས་ལུགས་བཟུང་ནས་ཤ་ཁྲག་མི་ཟ་སྡིག་པ་ཅི་ཡང་མི་བྱེད་གཙང་སྦྲ་ཁོ་ན་བྱེད་ཅིང་ལྷ་ཚངས་པར་སྦྱིན་སྲེག་གི་མཆོད་པ་བྱེད་མཁན་གྱི་རིགས་ཤིག་ཡིན་སྐད་དོ། །བྲམ་ཟེའི་ཕྱག་འབུམ་གཅིག་དང་།་བནྡེ་གཙང་མས་ཕྱག་གཅིག་ཕུལ་བ་མཉམ་མོ། །བནྡེ་གཙང་མའི་ཕྱག་བརྒྱ་དང་། དགེ་ཚུལ་གྱི་ཕྱག་གཅིག་མཉམ་མོ། །དགེ་ཚུལ་གྱི་ཕྱག་བརྒྱ་དང་དགེ་སློང་གཙང་མའི་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ། དགེ་སློང་གཙང་མའི་ཕྱག་འབུམ་ཐེར་གཅིག་དང་། ཕྱག་རྒྱ་ཆེན་པོའི་དོན་ངེས་པར་རྟོགས་པའི་གང་ཟག་གིས་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ་སྟེ། སྐྱེ་བོ་ཕལ་པ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཚུལ་ཁྲིམས་ལྡན་པ་སྟོང་ཕྲག་བརྒྱ། །ཡེ་ཤེས་ལྡན་པ་གཅིག་ལ་སྦྱར། །ཞེས་གསུངས་སོ། །དེའི་དོན་མདོ་རྒྱུད་དང་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་གསུངས་སོ། །ཕུལ་ལུགས་ཀྱི་འགྱུར་ནི་རང་གི་དོན་དུ་ཕུལ་བ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕུལ་ན་བསོད་ནམས་ཆེའོ། །དད་གུས་མེད་པས་འབུལ་བ་བས། དད་པ་རྩེ་གཅིག་ཏུ་


CMR035_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བ་བསོད་ནམས་ཆེའོ། །ཡེངས་ཤིང་ཕུལ་བ་བས་མ་ཡེངས་པར་སངས་རྒྱས་བྱང་སེམས་རྣམས་མདུན་དུའང་དམིགས་ནས་རྩེ་གཅིག་འབུལ་བ་བསོད་ནམས་ཆེའོ། །དེ་བས་ཀྱང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དང་མ་བྲལ་བ་ཕུལ་བ་བསོད་ནམས་ཆེའོ། །སྔགས་ཀྱི་འགྱུར་ནི་ཕྱག་གི་གཟུངས་བཅོམ་ལྡན་འདས་ཀྱིས་གསུངས། ཨོཾ་ན་མོ་མཉྫ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། སྔགས་འདི་རྣམས་ལན་གསུམ་བརྗོད་ནས་ཕྱག་གཅིག་འཚལ་བ་ཕྱག་བྱེ་བ་གཅིག་ཏུ་འགྱུར་རོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་གི་ཕན་ཡོན་དང་འགྱུར་ཆོག་དང་གོ་བདེར་ཉུང་བསྡུས།next