Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཕྱག་རབ་ཆོ་ག


2 occurrences of འཚེར་རྩུབ་
[Clear Hits]

 
previousཕྱག་རབ་ཆོ་གno next

ཕྱག་རབ་ཆོ་ག


CMR035_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རབ་ཆོ་ག་བཞུགས་སོ།


CMR035_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་བྱང་ཞིང་ཚོགས་གཉིས་རྫོགས་པའི་ཕྱིར། །ཕྱག་རབ་ཆོ་ག་ཉམས་སུ་ལེན་པར་བྱ།། །མདུན་གྱི་མདུང་གང་ཙམ་གྱི་ཕར་བལྟས་ན། །མདའ་གང་ཙམ་ཞིག་ས་ལ་མ་རེག་པར། །རིན་ཆེན་སྣ་ལྔ་ལས་གྲུབ་སེང་གེའི་ཁྲི། །ལྷ་རྫས་དར་གྱིས་བཀབ་པའི་ཁྲི་ལྔ་ཡི། །སྟེང་དུ་པདྨ་སྟོང་ལྡན་ཟླ་བའི་སྟེང་། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་ཁྱབ་པར་གྱུར། །གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་སུ། །དཀོན་མཆོག་རིན་ཆེན་


CMR035_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་རྩ་བ་གསུམ། །བདག་དང་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ལ། །གནས་འདིར་གཤེགས་ནས་ཁྲི་སྟེང་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལྔ་སྟེ། དབུས་མའི་ཁྲི་སྟེང་དྲུག་པ་རྡོ་རྗེ་འཆང་། །བླ་མ་གྲུབ་ཐོབ་རྒྱ་མཚོས་བསྐོར་ནས་བཞུགས། །གཡས་ཀྱི་ཁྲི་སྟེང་བཅོམ་ལྡན་ཤཱཀྱ་ཐུབ། །སངས་རྒྱས་སྟོང་སོགས་སངས་རྒྱས་ཀུན་གྱིས་བསྐོར། །རྒྱབ་ཀྱི་ཁྲི་སྟེང་ཆོས་སྐུ་ཡུམ་ཆེན་མོ། །གླེགས་བམ་མཆོད་རྟེན་ཀུན་གྱིས་བསྐོར་ནས་བཞུགས། །གཡོན་གྱི་ཁྲི་སྟེང་བྱམས་པ་མགོན་པོ་ལ། །གནས་བཅུ་ལ་སོགས་དགེ་


CMR035_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཀུན་གྱིས་བསྐོར། །མདུན་གྱི་ཁྲི་སྟེང་ཐུགས་རྗེ་ཆེན་པོ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །ཁྲི་ལྔའི་བར་མཚམས་ཐམས་ཅད་ཡེ་ཤེས་ཀྱི། །ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ཁྲོམ་ལྟར་འཚོགས། །དེ་ཡི་མདུན་དུ་བདག་ལུས་འདི་ཉིད་ནི། །བྱེ་བ་དུང་ཕྱུར་གྲངས་མེད་སྤྲུལ་བྱས་ནས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། སྔགས་དེ་ལན་གསུམ་བརྗོད་ནས་ཕྱག་འཚལ་ན་ཕྱག་བྱེ་བར་འགྱུར་རོ། །ན་མོ་བུདྡྷ་ཡ། ན་མོདྷརྨཱ་ཡ། ན་མཿསངྒྷ་ཡ། རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་འདུས་སྔོན་དུ་སངས་རྒྱས་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་མོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཆོས་སྐུ་གཅིག་ཏུ་བསྡུས། །དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ལོངས་སྐུ་འདུས་པའི་སྐུ། །རིགས་ལྔ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་ལོ། །


CMR035_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བྱེ་བ་ཕྲག་བརྒྱར་འགྲོ་དོན་མཛད། །སྤྲུལ་སྐུ་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སྟོན་པ་ཤཱཀ་ཐུབ་གནས་བརྟན་བཅུ་དྲུག་སོགས། །འཕགས་པ་ཉན་རང་རྣམས་ལ་ཕྱག་འཚལ་ལོ། །མཚན་ཙམ་ཐོས་པས་ངན་སོང་སྡུག་བསྔལ་སེལ། །སྨན་ལྷ་མཆེད་བརྒྱད་ཞབས་ལ་ཕྱག་འཚལ་ལོ། །ཕྱག་ཙམ་འཚལ་བས་ལྟུང་བ་ཐམས་ཅད་དག །ལྟུང་བཤགས་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བརྒྱ་ཕྱག་འཚལ་བས་དམ་ཚིག་ཉམས་པ་བསྐང་། །དམ་པ་རིགས་བརྒྱའི་ལྷ་ལ་ཕྱག་འཚལ་ལོ། །ཕྱག་དང་མཆོད་པས་དུས་མིན་འཆི་བ་ཟློག །ཚེ་དཔག་ལྷ་དགུའི་ལྷ་ལ་ཕྱག་འཚལ་ལོ། །ཕྱག་དང་མཆོད་པས་ངན་སོང་སྡུག་བསྔལ་ཞི། །སྦྱོང་རྒྱུད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །རྒྱུད་སྡེའི་དཀྱིལ་འཁོར་བཞི་བཅུ་ཞེ་བརྒྱད་ཚང་། །རྡོ་རྗེ་ཕྲེང་བའི་ལྷ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཆེན་པོ་བརྒྱ་དང་རྩ་བརྒྱད་ཚང་། །མི་ཏྲ་བརྒྱ་རྩའི་ལྷ་ལ་ཕྱག་འཚལ་ལོ། །ཤྩ་རྒྱུད་སྡེའི་ལྷ་ཚོགས་བརྒྱ་དང་རྩ་བརྒྱད་ཚང་། །བ་རི་བརྒྱ་རྩའི་ལྷ་ལ་ཕྱག་འཚལ་ལོ། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་བཞི་ཡི་ལྷ་ལ་ཕྱག་འཚལ་ལོ། །


CMR035_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་སོགས། །ཐེག་པ་རིམ་དགུའི་ལྷ་ལ་ཕྱག་འཚལ་ལོ། །དགོངས་པ་འདུས་པ་ཡང་ཕུར་གཤིན་རྗེ་སོགས། །རྙིང་མའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །མཚན་ཆེན་མཚན་ཆུང་གཉིས་ནས་གསུངས་པ་ཡི། །སངས་རྒྱས་བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །རི་བོ་རྩེ་ལྔ་བྱེ་བ་ཕྲག་བརྒྱ་ན། །འཇམ་དབྱངས་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །དེ་བཞིན་པོ་ཊ་ལ་གནས་སྤྱན་རས་གཟིགས། །བྱེ་བ་ཕྲག་བརྒྱའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གནས་བྱེ་བ་ཕྲག་བརྒྱ་ན། །ཕྱག་རྡོར་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །དགའ་ལྡན་ལྷ་ཡུལ་བྱེ་བ་ཕྲག་བརྒྱ་ན། །བྱམས་པ་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ན། །ཕག་མོ་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །ཟངས་མདོག་དཔལ་རི་བྱེ་བ་ཕྲག་བརྒྱ་ན། །ཨོ་རྒྱན་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །རྒྱ་གར་རིག་འཛིན་བརྒྱ་དང་གྲུབ་ཆེན་བརྒྱད། །གྲུབ་ཆེན་བརྒྱད་ཅུ་བཞི་ལ་ཕྱག་འཚལ་ལོ། །།མེས་དབོན་གསུམ་དང་རྗེ་འབངས་ཉེར་ལྔ་སོགས། །བོད་ཀྱི་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །ཟུར་ཆེན་ཟུར་ཆུང་དམ་གཙང་བྱམས་


CMR035_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སོགས། །རྙིང་མ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མའི་ཀཅོག་ལོ་ཆེན་ལོ་ཆུང་སོགས། །ལོ་པཎ་མཁས་གྲུབ་རྣམས་ལ་ཕྱག་འཚལ་ལོ། །མངའ་བདག་ཡབ་སྲས་གཏེར་སྟོན་བརྒྱ་རྩ་སོགས། །གཏེར་མ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །འབྲོག་མི་སེ་སྟོན་འཇམ་དབྱངས་བདུན་རྒྱུད་སོགས། །ལམ་འབྲས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཇོ་འབྲོམ་ཁུ་རྔོག་རྒྱལ་སྲས་སྐུ་མཆེད་སོགས། །བཀའ་གདམས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །མར་མི་དྭགས་གསུམ་བཀའ་བརྒྱུད་ཡ་བཞི་སོགས་། །ཕྱག་ཆེན་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཨརྱ་དེ་ཝ་དམ་པ་ལབ་སྒྲོན་སོགས། །གཅོད་ཡུལ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲོལ་མ་ཉེར་གཅིག་སྒྲོལ་མ་བརྒྱ་རྩ་སོགས། །ཡེ་ཤེས་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །མགོན་ཆེན་སྡེ་ལྔ་ལྷ་མོ་དཔོན་གཡོག་སོགས། །ཡེ་ཤེས་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ལྷ་ཚོགས་དེ་དག་རེ་རེའི་མདུན་དུ་ཡང་། །བདག་ལུས་བྱེ་བར་སྤྲུལ་ནས་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་དང་སངས་རྒྱས་ཞིང་ཀུན་ན། །མཆོད་པ་ཅི་མཆིས་བློ་ཡིས་བླངས་ཏེ་མཆོད། །


CMR035_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་བདག་ཉིད་གཅིག་པུས་བཤགས། །སངས་རྒྱས་སྲས་དང་སློབ་མ་བཅས་རྣམས་ཀྱི། །བསོད་ནམས་ཚོགས་ལྷལ་བདག་ནི་རྗེས་ཡི་རང་། །འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བསྐལ་པ་གྲངས་མེད་འཁོར་བ་ཇི་སྲིད་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བདག་གིས་དད་ཅིང་གུས་པས་ཕྱག་འཚལ་བ། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་ཟློདོན་ཕྱིར་བསྔོ། །འགྲོ་བ་ཀུན་གྱི་སྡིག་སྒྲིབ་དག་པར་ཤོག །ལག་པ་གཡས་གཡོན་ཐལ་མོ་སྦྱར་བྱས་པས། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པར་ཤོག །ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། །འོག་མིན་མཁའ་སྤྱོད་ཞིང་ཁམས་བསྒྲོད་པར་ཤོག །ཐལ་མོ་སྦྱར་བ་དཔྲལ་བར་གཏུགས་པ་ཡིས། །ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་ཤོག ཐལ་མོ་སྦྱར་བ་མགྲིན་པར་གཏུགས་པ་ཡིས། །ངག་གི་སྒྲིབ་པ་ཐམས་ཅད་བྱང་བར་ཤོག །ཐལ་མོ་སྦྱར་བ་སྙིང་ཁར་གཏུགས་པ་ཡིས། །ཡིད་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་


CMR035_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཐལ་མོ་སྦྱར་བ་སོ་སོར་ཕྱེས་པ་ཡིས། །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པར་ཤོག །ཞབས་གཉིས་པུས་མོ་ས་ལ་བཙུགས་པ་ཡིས། །འཁོར་བ་ངན་སོང་རྡོག་པས་ནོན་པར་ཤོག །ཕྱག་གཉིས་སོར་བཅུ་ས་ལ་བཙུགས་པ་ཡིས། །ས་བཅུ་ལམ་ལྔ་རིམ་གྱིས་བསྒྲོད་པར་ཤོག །མགོ་བོའི་དཔྲལ་བ་ས་ལ་གཏུགས་པ་ཡིས། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་ཤོག །ཡན་ལག་བཞི་པོ་བརྐྱངས་བསྐུམས་བྱས་པ་ཡིས། །ཕྲིན་ལས་བཞི་པོ་ལྷུན་གྱིས་འགྲུབ་པར་ཤོག །རྩ་རྒྱུས་ཐམས་ཅད་བརྐྱངས་བསྐུམས་བྱས་པ་ཡི། །རྩ་མདུད་ཐམས་ཅད་ཤུགས་ཀྱིས་གྲོལ་བར་ཤོག །སྒལ་ཚིགས་དབུ་མ་དགྱེ་རྒུ་བྱས་པ་ཡིས། །རླུང་རྣམས་ཐམས་ཅད་དབུ་མར་ཚུད་པར་ཤོག །ས་ལ་གཏུགས་ནས་ཡར་ལ་ལངས་བ་ཡིས། །འཁོར་བར་མི་གནས་འཕགས་ལམ་ཐོབ་པར་ཤོག །དེ་ནས་མར་ལ་རྒུ་བ་བྱས་པ་ཡིས། །ཞི་བར་མི་གནས་སེམས་ཅན་འདྲེན་པར་ཤོག །བདག་གིས་བརྒྱ་ཕྱག་ཕུལ་བའི་དགེ་བ་དེས། །ཚེ་འདིར་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །འཆི་དུས་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་


CMR035_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །མདུན་གྱི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ། །བདག་ལ་ཐིམ་པས་དབང་དང་བྱིན་རླབས་ཐོབ། །རང་སེམས་ཆོས་སྐུ་མངོན་སུམ་རྗེན་ནེ་རྟོགས། །རྣམ་རྟོག་མང་དུ་མི་འཕྲོ་ཀྱི་ལེར་གནས། །གཟུགས་བརྙན་དངོས་པོ་མི་མཐོང་བརྗོད་མི་ཤེས། །རང་གི་སེམས་ལ་ངེས་ཤེས་མྱོང་བ་ཅན། །ས་ལེ་སེང་ངེ་ཧྲཱིག་གེ་རྗེན་ནེ་བར། །སྤྲིན་མེད་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། །འདི་ནི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །མ་ཡེངས་རང་ངོ་ལྟོས་དང་ཨེ་མ་ཧོཿ །འདི་ཡན་བློར་བཟུང་འདོན་བསྒོམ་བརྒྱ་ཕྱག་འཚལ། །ཕྱག་གི་དམིགས་རིམ་ཕྱག་རབས་བསྡུས་པ་འདི། །ཚིག་ཉུང་དོན་ཆེ་འགྱུར་དང་ཕན་ཡོན་ཆེ། །ལྷ་གྲངས་འདུས་ཆེ་དམིགས་རིམ་ཟབ་ལ་གསལ། །འདི་འདྲ་མདོ་རྒྱུད་མན་ངག་སྙིང་པོ་ཡིན། །ཕྱི་རབས་ཆོས་འདོད་རྨོངས་པ་ཉིད་རྣམས་ཀྱིས། །ཉམས་སུ་ལོངས་དང་གཏན་གྱི་འདུན་མ་འགྲུབ། །རཱ་གའི་མིང་ཅན་དགེ་སློང་རྒན་པོས་སྦྱར། །པྲ་ཛྙཱའི་མིང་ཅན་གང་དེས་ཡི་གེར་བཀོད། །སརྦ་མངྒ་ལཾ། །བྷ་ཝནྟུ།།


CMR035_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་རབ་ཆོ་གno next