Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཤ་ཡི་ཉེས་དམིགས་དང་གནང་བཀག་གི་ས་མཚམས་དབྱེ་བ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མའི་ཞལ་ལུང་།
  
  
  
  
  
  
  
  
  
  
  
  


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousཤ་ཡི་ཉེས་དམིགས་དང་གནང་བཀག་གི་ས་མཚམས་དབྱེ་བ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མའི་ཞལ་ལུང་།next

ཤ་ཡི་ཉེས་དམིགས་དང་གནང་བཀག་གི་ས་མཚམས་དབྱེ་བ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མའི་ཞལ་ལུང་།


CMR035_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཡི་ཉེས་དམིགས་དང་གནང་བཀག་གི་ས་མཚམས་དབྱེ་བ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མའི་ཞལ་ལུང་བཞུགས་སོ།།


CMR035_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། སྙིང་རྗེའི་གཏེར་ཆེན་དེ་ལ་ཕྱག་འཚལ་ནས། །ཤ་ཡི་གནང་བཀག་དབྱེ་བ་གསལ་བཀོད་བྱ། །དེ་ལ་དང་པོ་སྤྱིར་ཤ་ཡི་ཉེས་དམིགས་ནི། ལང་ཀར་གཤེགས་པའི་མདོ་ལས། ཁོ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །ངུ་འབོད་བྱེད་ལ་སོགས་ལ་བརྩོན། །ཅེས་དང་། སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང་། །བཙོ་བརླག་མཁན་དུ་ཡང་ཡང་


CMR035_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ། །མཁའ་འགྲོའི་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །འདི་ཡི་མཐའ་མ་དེ་དག་ནི། །སྲིན་པོ་བྱི་ལའི་མངལ་དུ་སྐྱེ། །གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་མདོར་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་དང་། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། དེ་དག་ནི་ཤ་ཟོས་པ་ཙམ་གྱི་ཉེས་པའོ། །དེ་ཡི་ནང་ནས་ཉིན་ཤ་ཟོས་པ་དང་། བསྔོ་ཤ་དང་རྩི་ཤ་


CMR035_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སེམས་ཅན་རིས་མཐུན་པ་མི་ཡི་ཤ་ཟ་བ་ལ་སོགས་ནི། དེ་བས་ཀྱང་བརྒྱ་སྟོང་ཉེས་པ་ཆེའོ། །དེ་སྐད་དུ། ཡུམ་རྒྱས་པ་ལས། ཉིང་ཤ་ཉིང་གིས་ཟ་བ་ནི་དམྱལ་ཁམས་བཅོ་བརྒྱད་ནས་མི་ཐར་རོ། །ཞེས་དང་། སྟག་ཕྲུག་སེང་སོགས་ཀྱི་དམྱལ་བར་རྩི་ཤ་སོགས་སྡིག་པ་ཆེ་བར་གཟིགས་ཚུལ་དུ་མ་གསུངས་སོ། །ལང་ཀར་གཤེགས་པ་ལས། སྔོན་འདས་པའི་དུས་ན་རྒྱལ་པོ་སེང་གེ་འབངས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཟས་སུ་ཤ་ཟ་ཞིང་མདོ་ངེས་པར་བཏོན་པས་རོ་ལ་སྲེད་ཞིང་ཆགས་པ་ལ་འདུན་པའི་ཕྱིར། མིའི་ཤ་ཡང་ཟོས་པར་གྱུར་ནས། དེའི་ཕྱིར་མཛའ་བོ་དང་བློན་པོ་དང་གཉེན་དང་གཉེན་འདབས་ཀྱི་སྐྱེ་བོའི་ཚོགས་ཀྱིས་སྤངས་བར་གྱུར་ན། གྲོང་ཁྱེར་བ་དང་ཡུལ་གྱི་འགྲོ་བ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། བདག་གི་སྲིད་ཡུལ་ཡོངས་སུ་བཏང་བའི་ཕྱིར་རབ་ཏུ་ཉོན་མོངས་གྱུར་ཏེ། ཞེས་དང་། རྒྱལ་པོ་རྐང་ཁྲ་ལ་སོགས་པ་ལ་ཡང་སྔོན་ཚེ་རབས་ལ་ཤ་ཟའི་ཉེས་པའི་བག་ཆགས་ཀྱིས་མིའི་དབང་པོར་གྱུར་ཀྱང་ཤ་ཟ་བར་གྱུར་ཏོ། །བློན་པོ་ཆེན་པོ་ཚེ་འདི་ཉིད་ལའང་ཁྱིམ་བདུན་པོའི་ནང་ན་ཤ་ལ་ཤིན་ཏུ་བརྐམ་ཞིང་། མང་བར་བསྟེན་ན་མིའི་ཤ་ཟ་བའི་མཁའ་འགྲོ་མ་དང་། །


CMR035_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་མ་རུངས་དག་ཏུ་སྐྱེའོ། །བློན་པོ་ཆེན་པོ་དེ་དག་ཚེ་རྗེས་ནས་ཀྱང་ཤ་ཡི་རོ་ལ་ཆགས་པ་དེ་ཉིད་ཀྱིས་སེང་གེ་དང་སྟག་དང་གཟིག་དང་སྤྱང་ཀི་དང་འཕར་བ་དང་བྱི་ལ་དང་ཝ་དང་འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང་། ཤ་མང་དུ་ཟ་བའི་སྲིན་པོ་ལ་སོགས་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུའང་ལྟུང་བར་བྱེད་དོ། །དེར་ལྟུང་བ་རྣམས་མིའི་སྐྱེ་གནས་ཀྱང་ཐོབ་པར་དཀའ་ན། མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ཡིན་ན། བསྙེན་པ་རྣམས་ལྟ་སྨོས་ཀྱང་སྐྱེ་མོད། ཕྱིར་བཟློག་པས་ན་ཡོན་ཏན་ཤིན་ཏུ་མང་ན། བློ་གྲོས་ཆེན་པོ་བྱིས་སྦ་སྐྱེ་བོ་རྣམས་ཀྱི་ཡོན་ཏན་དང་། ཉེས་པ་འདི་དག་དང་། གཞན་ཡང་ཁོང་དུ་མི་ཆུད་དོ། །ཞེས་གསུངས་སོ། །ཁྱད་པར་ཤ་ཆེན་སོགས་ནི་གདོལ་པ་དང་ཤན་པ་རྣམས་ཟའི་འཇིག་རྟེན་གྱི་སྐྱེ་བོ་གཙང་མས་ཟ་བ་མ་ཡིན་ཏེ། ལང་ཀར་གཤེགས་པར། བློ་གྲོས་ཆེན་པོ་བོང་བུ་དང་རྔ་མོང་དང་ཁྱི་དང་གླང་དང་མིའི་ཤ་ལ་སོགས་པ་ནི་འཇིག་རྟེན་གྱིས་བཟའ་བ་མ་ཡིན་ནོ། །འདི་ལྟར་ཤན་པ་དག་རིན་གྱི་ཕྱིར་བཟར་རུང་ངོ་ཞེས་ཟེར་ཞིང་སྲང་གི་དབུས་དག་ཏུ་ཚོང་བར་བྱེད། ཅེས་དང་། སྨེ་ཤ་


CMR035_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དག་གདོལ་བ་དང་ཉ་པ་ལ་སོགས་པ་ཁྱི་ཤ་ཟ་བའི་སེམས་ཅན་རྒྱང་ནས་མཐོང་བོ་ཡང་། ཁྱི་རྣམས་འཇིགས་པས་ཟུག་སྟེ། ལ་ལ་ནི་བདག་ཅིག་ཀྱང་བསད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ། ནམ་མཁའ་དང་ས་དང་ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ཡོད་པ་དེ་དག་ཀྱང་། ཤ་ཟ་བ་རྣམས་རྒྱང་ནས་མཐོང་མ་ཐག་ཏུ། སྣ་ཡི་དབང་པོ་རྣོན་པོས་དྲི་ཚོར་ནས། སྲིན་པོ་ལས་མི་དག་མྱུར་དུ་འབྱོལ་བ་བཞིན་ཏེ། ལ་ལས་ནི་ཤི་དོགས་པར་ཡང་འགྱུར་རོ། །ཞེས་དང་། མི་ཤི་བའི་ཤ་བསྲེག་པ་དང་། དེ་མ་ཡིན་པའི་སྲོག་ཆགས་གཞན་གྱི་ཤ་བསྲེག་པ་ཡང་དྲིའི་ཁྱད་པར་གང་ཡང་མེད་དེ་ཤ་གཉིས་ཀ་ཡང་དྲི་མི་ཞིམ་པར་མཚུངས་སོ། །ཞེས་དང་། ཚེ་འདི་ཉིད་ལ་ཡང་དེའི་ཁ་ཤིན་ཏུ་དྲི་མི་ཞིམ་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་དེ་མདོར་བསྡུས་ན། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་ཕ་མའི་ཤ་ཡིན་པ་དང་། ཉེ་དུར་མ་གྱུར་པ་མེད་པས་བུའི་ཤ་ཡིན་པའི་ཕྱིར་དང་། ཁུ་ཆུ་དང་མངལ་ཁྲག་གི་རྒྱུ་ལས་གྲུབ་པའི་ཕྱིར་བཙོག་པའི་ཕྱིར་དང་། ཤི་བའི་རོ་བཙོག་པ་དང་འདྲ་བར་ཤ་ཡང་བཙོག་པའི་ཕྱིར་དང་ལྷས་སྦྱོང་


CMR035_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་དང་། ཁ་དྲི་མི་ཞིམ་པའི་ཕྱིར་དང་། ཉལ་དུས་སྡུག་བསྔལ་སད་དུས་སྡུག་བསྔལ་རྨི་ལམ་ངན་པར་འགྱུར་བའི་ཕྱིར་དང་། གཅིག་པུར་འདུག་ན་མི་མ་ཡིན་གྱིས་མདངས་འཕྲོག་པ་དང་། གློ་བུར་དུ་འཇིགས་ཤིང་སྐྲག་པ་དང་། ཟས་ཀྱི་ཚོད་མི་ཟིན་ཅིང་ཟོས་པའི་བཅུད་མི་འཇུ་བ་དང་། ལྟོ་ཡི་སྲིན་བུ་བསྐྱེད་པ་དང་། ནད་མང་བ་དང་། །མཛེ་བསྐྱེད་པ་དང་། མི་འཕྲོད་པ་ཡིན་པ་ཡང་མི་ཤེས་པ་སོགས་ཤ་ཟ་ལ་ཉེས་པ་དུ་མ་གསུངས་སོ། །དེ་རྣམས་ནི་སྐྱེ་བོས་ཤ་ཟོས་པའི་ཉེས་པ་ཡིན་ནོ། །དེས་ན་སྐྱེ་བོ་ཡིན་ཡང་ཤ་བཅད་ན་ཕན་ཡོན་ཆེ་སྟེ། ལང་ཀར་གཤེགས་པའི་མདོ་ལས། ཤ་ལ་སོགས་པ་སྤངས་བའི་ཕྱིར། །བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་སར།། དེ་དག་རྣམས་ནི་སྐྱེ་བར་འགྱུར། །ཞེས་གསུངས་སོ། །མདོར་ན་ཁྱིམ་བདུན་བསྟེན་པ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱིས་ཤ་ཟ་བ་ལ་ཉེས་པ་མཐའ་ཡས་པའི་ཕྱིར། ཕྱི་རོལ་མུ་སྟེགས་པས་ཀྱང་ཤ་མི་ཟ་བ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་མུ་


CMR035_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ཅན་གཞན་ངེས་པར་བཤད་པའི་ཆོས་ཅན་འཇིག་རྟེན་རྒྱང་འཕེན་གྱི་ལྟ་བ་ལ་མངོན་པར་ཞེན་པ་ཡོད་པ་དང་མེད་པའི་ཕྱོགས་ལ་རྟག་པ་དང་ཆད་པར་སྨྲ་བ་རྣམས་ཀྱིས་ཀྱང་། ཤ་འཚལ་བ་བཀག་སྟེ་བདག་ཀྱང་མི་འཚལ་ན། འཇིག་རྟེན་མགོན་པོ་ཁྱེད་ཀྱིས་བསྟན་པ་ཐུགས་རྗེའི་རོ་གཅིག་ཏུ་གྱུར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལ། རང་ཤ་འཚལ་བ་དང་འཚལ་བ་མི་ལྡོག་པ་ཅིས་འབྱུང་། ཞེས་སོགས་འབྱུང་ངོ་། །དེ་ཡང་རྒྱལ་པོ་རྐང་ཁྲ་ལྟ་བུ་ཤ་ལ་ཆགས་ནས་བསྟན་པ་ལ་མི་འཇུག་པ་རྣམས་རྗེས་སུ་བཟུང་ཕྱིར་དང་། ལྷས་སྦྱིན་ལ་སོགས་པ་ཤ་སྤངས་བ་ཙམ་གྱིས་དག་པར་ལྟ་བའི་ང་རྒྱལ་བཅོམ་པའི་ཆེད་དུ་རྣམ་གསུམ་དག་པའི་ཤ་གནང་སྟེ། འདུལ་བ་ལུང་ལས། ཡ་རབས་རྣམས་ལ་གནང་བའི་ཤ་དང་ཉ་ལ་སོགས་པ་ལྷུང་བཟེད་དུ་འོང་བ་དག་ལ། མིའི་ཤ་སོགས་པ་མ་ཡིན་ནམ་ཞེས་བརྟགས་ཏེ་མ་ཡིན་ན་བཟའོ་ཞེས་དང་། སྟག་གིས་ཟོས་པའི་གོད་ཤ་དང་ཆེད་དུ་བྱས་པ་མི་བཟའ་། ཞེས་གསུངས་སོ། །དེས་ན་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་མ་བཀག་པའང་དགོངས་པ་ཅན་ཏེ། ངེས་དོན་དུ་ཤ་ཐམས་ཅད་བཀག་པ་ཡིན་པར་ཞི་བ་ལྷས་གསུངས་


CMR035_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ལང་ཀར་གཤེགས་པ་ལས། རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཀུན་ཐབས་མེད་པར་རིམ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ་ངས་ཤ་ཟས་ནི་སུ་ལའང་མ་གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤ་ཡི་ཟས་མི་རུང་བར་བཤད་དོ། །ཞེས་དང་། ང་ཡི་འཕགས་པའི་ཉན་ཐོས་རྣམས་ཁ་ཟས་ཐ་མལ་པ་ཡང་མི་ཟ་ན་ཤ་དང་ཁྲག་གི་ཟས་ནི་ལྟ་ཅི་སྨོས། ཞེས་དང་། ང་ནི་སེམས་ཅན་ལ་བུ་གཅིག་ཏུ་འདུ་ཤེས་དང་ལྡན་པ་ཡིན། ཇི་ལྟར་རང་གི་བུ་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། ཞེས་དང་། དེ་བཞིན་དུ་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་། རིགས་ཀྱི་བུ་ད་ཕྱིན་ཆད་ང་ཡི་ཉན་ཐོས་རྣམས་ལ་ཤ་ཟ་བར་མི་གནང་ངོ་། །ཡུལ་འཁོར་སྐྱོང་བསོད་སྙོམས་ནི་བུ་ཡི་ཤ་དང་འདྲའོ་ཞེས་བྱ་ན། ཤ་ཟ་བ་ངས་ཅི་ལྟར་གནང་། ཞེས་ངས་བསྟན་ཏོ། །ཞེས་དང་། བསོད་སྙོམས་ཤ་དང་འདྲེས་པ་ཅི་ལྟར་དག་པར་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་ཆུས་བཀྲུས་ཏེ་བཟའ་བར་བྱའོ། །ཞེས་ངས་


CMR035_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། ཡུལ་དེ་ལྟ་བུ་ན་ཟས་དང་སྐོམ་ཤ་ཡི་ཟས་དང་ཕལ་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤངས་བར་བྱའོ། །སྣོད་གཅིག་ལ་གཅིག་རེག་སྟེ་ཁ་ཟས་དངོས་མ་འདྲེས་པ་ནི་ཉེས་པ་མེད་དོ། །ཤའམ་ཉ་ཤའམ་རིགས་ཀྱི་ཤའམ་རྨིག་པ་སྐམ་པོའི་ཤ་ཡིས་བདག་གཞན་གྱི་འཕགས་པ་རྣམས་ཀྱི་ལྟུང་བྱེད་དུ་འགྱུར་རོ། །ཞེས་ང་ཟེར་རོ། །ཞེས་གསུངས་སོ། །མྱ་ངན་འདས་མདོ་ལས་གསོལ་པ། བཅོམ་ལྡན་འདས་འོ་ན་ཅི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་ངས་རིམ་གྱིས་བསླབ་པའི་གཞི་བསྡོམས་པའི་ཕྱིར་དེའང་ངས་བོར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལ་དགོངས་ཏེ། དོན་ཆད་ཀྱི་མུ་རྒྱུ་དང་ཤ་རྣམ་པ་བཅུ་སྤངས་ཞེས་བཀའ་སྩལ་ལགས། བཀའ་སྩལ་པ། ཚིག་གཞག་པ་དེ་དག་ཀྱང་ཤ་མི་བཟའ་བར་གདམས་པའི་ཕྱིར་བཅད་དོ། །ཞེས་དང་། ལང་གཤེགས་ལས། གང་གི་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་ཟ་ན། །འཇིག་རྟེན་གཉིས་ནི་འཇིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོངས། །


CMR035_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་ངུ་འབོད་ལ་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །ཞེས་དང་། མཐོང་དང་ཐོས་དང་དོགས་པ་ཡི། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་བ་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བ་འོ་ཞེས། །སངས་རྒྱས་རྣམས་ཀྱིས་བཤད་ཅེས་ཟེར། །ཞེས་དང་། །ལང་ཀར་གཤེགས་པ་ལས། མ་འོངས་པ་ན་བ་བསྒུལ་བ་རང་བཟོའི་གླེགས་བམ་བྱེད་པ་འབྱུང་སྟེ་ཤ་ཟ་རུང་ངོ་། །ཞེས་ཟེར་འབྱུང་ཚུལ་ལུང་བསྟན་རྒྱ་ཆེར་གསུངས་སོ། །དེས་ན་ངན་སོང་གི་དགེ་སློང་བརྒྱ་ཕྲག་དུ་མ་ཤ་ཟན་ལྟར་བཟའ་ཞིང་སྡོམ་གསུམ་གང་དང་ཡང་མི་འགལ་ཟེར་བ་འདི་མི་འཐད་ཚུལ་བཀག་པ་རྒྱ་ཆེར་ངོར་ཆེན་ཀུན་དགའ་བཟང་པོས་ཀྱང་བཤད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཞུས་ནས་ཤ་ཐམས་ཅད་བཟའ་མི་རུང་སྟེ། ལང་ཀར་གཤེགས་པ་ལས། བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པའི་རྣལ་འབྱོར་ཅན་གྱིས་


CMR035_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཐམས་ཅད་མི་བཟའོ་ཞེས་སོགས་རྒྱ་ཆེར་གསུངས་ཏེ་དོན་བསྡུས་ཏེ་བཤད་ན། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པ་དང་། སངས་རྒྱས་ཀྱི་ཆོས་ཐོས་ནས་སྲིན་པོ་རྣམས་ཀྱང་ཤ་སྤངས་ན་ཆོས་འདོད་པའི་མིས་ཅི་ལྟར་བཟའ་སྟེ། འཇིགས་པ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་སྐུར་པ་འདེབས་པར་འགྱུར་བས་ཀྱང་ཤ་མི་བཟའ་བ་སོགས་རྒྱ་ཆེར་གསུངས་ཏེ་མདོར་ན་འཁྲུལ་པ་དང་ནི་བཤེས་གཉེན་དང་། ཁུ་ཆུ་ཁྲག་ལས་འབྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངངས་གྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཞེས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཤ་བཀག་པ་ནི། བྱམས་པ་དང་སྙིང་རྗེ་མེད་པར་འགྱུར་བ་ལ་དགོངས་ཤིང་། དགེ་སློང་ཆོས་སྨྲ་བའི་ནད་གསོ་བའི་ཆེད་དང་། སྙིང་རྗེ་ཆེན་པོ་དང་ལྡན་ནས་དོན་ཆེན་པོ་བསྒྲུབ་པའི་ཆེད་དུ་ཉེས་པ་མེད་པར་གསུངས་ཏེ། ཡེ་ཤེས་ལྡན་གྱི་ལེའུ་ལས་རྒྱལ་པོ་ཡེ་ཤེས་བརྟན་གྱིས་དགེ་སློང་ཆོས་ཀྱི་བློ་གྲོས་ནད་ཀྱིས་ཐེབས་པ་ལ་ཤ་དྲངས་བས་བསོད་ནམས་ཐོབ་ཚུལ་གསུངས་ཤིང་། བསླབ་བཏུས་ལས། ཤ་ཟ་བ་གང་འབྱུང་བ་དེ་ནི་དོན་ཆེན་པོ་བསྒྲུབ་པའི་ཕྱིར་ཉེས་པ་མེད་དོ། །ཞེས་གསུངས་ཤིང་། དོན་


CMR035_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གང་ཞེ་ན། མདོ་དེ་ལས། དགེ་སློང་དེ་ནི་འཆི་བའི་དུས་བགྱིས་ན། །འཛམ་བུ་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་རྩུབ་པར་འགྱུར། །འདི་གསོས་པས་ན་ཏིང་འཛིན་རྣམས་ཀྱང་འཐོབ། །ཅེས་གསུངས་ཤིང་བསླབ་བཏུས་ལས། དེ་ནི་སྙིང་རྗེ་ཆེན་པོ་ལ་མངོན་པར་བརྩོན་པ་སྟེ། དེ་ལ་བྱམས་པ་མེད་དུ་མི་དགོས་པས་ཉེས་པ་མེད་དོ། །ཞེས་སོ། །དེས་ན་ཆེད་དུ་བསད་པ་མ་ཡིན་པར། དགེ་སློང་ཆོས་སྨྲ་བའི་ནད་གསོ་བའི་ཆེད་དུ་ཉེས་པ་མེད་དོ། །དེ་མ་ཡིན་པར་མི་རུང་སྟེ་གོང་གི་ཉེས་དམིགས་ཐམས་ཅད་འབྱུང་ངོ་། །དེ་བཞིན་གསང་སྔགས་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ཀར་ཤ་སྤང་དགོས་པར་གསུངས་ཏེ། དཔུང་བཟང་ལས། ཤ་ཆང་ཀེའུ་གཙོང་དང་སྒོག་པ་དང་། །འབྲུ་མར་ཏིལ་དང་ལ་ཕུད་ཏི་ར་ཎ། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པའི་ཁ་ཟས་དཀར་གསུམ་དང་། །རྩ་བ་སྟོང་པ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་འོ་མ་མར་དག་དང་། །འབྲུ་མར་ཚིག་མ་དར་བ་འོ་ཀོན་དང་། །ཐུག་པ་དག་ནི་བཟའ་བཏུང་ཡིན་པར་གསུངས། །


CMR035_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ·དོན་ཡོད་ཞགས་པ་ལས། གལ་ཏེ་དེ་ཉིད་འགྲོ་འདོད་ན། །ཆང་དང་ཤ་དང་སྐྱུ་འདངས་དང་། །འབྲེས་དང་ཟ་འཕྲོ་སོགས་པ་སྤང་། །ཞེས་དང་། སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །ཞེས་གསུངས་སོ། །བླ་མེད་རྒྱུད་ལས་ཡང་ཤ་བཟའ་མི་རུང་སྟེ། བླ་མ་ལྔ་བཅུ་པར། བླ་མ་ངན་པའི་མཚན་ཉིད་ལ། །སྙིང་རྗེ་མེད་ཅིང་ཁྲོ་ལ་སྡུག །ཅེས་དང་། འཇམ་དཔལ་རང་གི་ལྟ་བ་མདོར་བསྟན་ལས། བརྩེ་མེད་ཤ་ཟ་བ་ལ་གསུངས། ཞེས་གསུངས་པས། ཤ་ཟ་ན་སློབ་དཔོན་གྱི་མཚན་ཉིད་མི་ཚང་ལ། སློབ་དཔོན་མིན་ཡང་བླ་མེད་གསང་སྔགས་ཉམས་སུ་ལེན་པས་ཤ་སྤང་དགོས་ཏེ། དུས་འཁོར་རྩ་རྒྱུད་ཀྱི་ལུང་འགྲེལ་ཆེན་དུ་དྲངས་པ་ལས། ལྷ་དང་རང་འཇིགས་ཕ་མས་དང་། །འདོད་བསྒྲུབ་དོན་དང་བཙོང་ཕྱིར་ཡང་། །གདུལ་དཀའ་སྡིག་པ་བྱེད་རྣམས་ཀྱིས། །གནོད་མིན་པ་ཡི་སེམས་ཅན་བསད། །དེ་ཡི་ཤ་དེ་ཉོ་བ་དང་། །ཟ་འདོད་ཁ་ན་མ་ཐོ་བཅས། །ཞེས་དང་། འཇམ་དཔལ་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། གསོད་པ་ནོར་ལ་བྲིད་པ་དག །བསྐལ་པ་འབུམ་དུ་འཚོད་པ་


CMR035_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚོད་པ་ཡིན། །ཞེས་དང་། ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་འགྲོ་བ་ཡིན། །ཅེས་གསུངས་ཤིང་དེ་ལྟར་སྡོམ་པ་གསུམ་ཀ་ལ་ཤ་བཀག་གོ །ཡང་འགའ་ཞིག་གཅོད་ཚོགས་བྱས་ནས་རོ་བཤའ་བའི་ཚེ། མི་ཤ་ཁམ་གང་བཟའ་མི་ཁྲག་ཧུབ་གང་འཐུང་དགོས་ཟེར་ནས་དེ་ལྟར་བྱེད་པས་རྣམ་རྟོག་རོ་སྙོམས་པར་བརྩི་བ་དང་། དེ་བཞིན་དུ་རྟ་མི་ཤ་སོགས་ཚོགས་རྫ་ས་དངོས་སུ་བྱེད་པ་ནི་ཤིན་ཏུ་མི་རུང་སྟེ། དྲན་པ་ཉེར་བཞག་ལས་། སེང་གེ་དག་དང་སྟག་རྣམས་དང་། །ཝ་ལ་སོགས་དང་འགྲོགས་འགྱུར་ལས། །ངས་ནི་བྱམས་པས་གནས་པ་ལས། །རྟོག་པར་རྣམ་པ་ཀུན་ཏུ་སྨད། །ཐར་པའི་ཆོས་དག་འགལ་བའི་ཕྱིར། །མི་རྣམས་སྔངས་བར་འགྱུར་བའི་ཤ །དེའི་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་གསུངས་ཏེ། མི་རྣམས་དངངས་བའི་ཤ་ནི་མི་ཤའོ། ཡང་དགྲ་ནག་གི་རྒྱུད་ལས། སྔགས་ཀྱིས་དུབ་པས་ཁ་ཟས་བཟའ། །ཁ་ན་མ་ཐོ་མེད་རྙེད་སླ། །ཤ་ཆེན་དང་ནི་རྟ་དང་ནི། །གླང་པོ་ཆེ་ཡང་ཁྱད་པར་དུ། །བ་གླང་གི་


CMR035_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱི་དང་ནི། །བོང་བུ་རྔ་མོང་ལྕེ་སྤྱང་ངོ་། །ཞེས་ཆེད་དུ་བསད་པ་མ་ཡིན་པའི་ཤས་ལུས་ཟུངས་རྒྱས་པར་བྱེད་པ་ཇི་ལྟར་གསུངས་ཤེ་ན། དེ་ནི་བདུད་རྩི་དངོས་སུ་བསྒྱུར་ནུས་པའམ། དངོས་སུ་བདུད་རྩིར་མི་བསྒྱུར་ན་རང་ཉིད་ལུས་སྤྲུལ་བསྒྱུར་བྱས་ཏེ་དུར་ཁྲོད་ཀྱི་ལྕེ་སྤྱང་ངམ་སྟག་དང་སེང་གེ་སོགས་སུ་སྤྲུལ་ནས་ཟ་བ་ཡིན་གྱི་དེ་མ་ཡིན་པར་མི་ཤ་སོགས་བཟའ་ན་སྔ་མ་ལས་ཀྱང་ཉེས་པ་བརྒྱ་སྟོང་གིས་ཆེ་སྟེ་སྡོམ་པ་གསུམ་གྱི་ལྟུང་བ་འབྱུང་བའི་ཕྱིར་ཏེ། དུས་འཁོར་འགྲེལ་ཆེན་དུ་བ་སོ་ནི་མུ་ཏིག་གི་འབྲས་བུར་འགྱུར་བ་དང་། ཐོད་པ་ནི་པདྨར་འགྱུར་བ་དང་། ཤ་ནི་པུ་ཏྲ་ཀེ་ཤར་འགྱུར་བ་དང་། ཁྲག་ནི་ཧེ་རུ་ཀར་འགྱུར་བ་དང་། དེ་ལྟར་དངོས་སུ་བསྒྱུར་མི་ནུས་ན་ཟ་མི་རུང་ལ། ཐ་མལ་པས་དེ་བསྐལ་པར་ཡང་བསྒྱུར་མི་ནུས་ལ། བསྒྱུར་མ་ནུས་ན་རང་བཞིན་གྱིས་དག་པའི་བདུད་རྩིར་མི་འགྱུར་ཚུལ་རྒྱ་ཆེར་གསུངས། དེ་བཞིན་དུ་དགོངས་པ་ལུང་སྟོན་ལས་ཀྱང་། ཉ་དང་ཤ་དང་དེ་བཞིན་ཆང་། །གཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླན་པས་ཟ་བྱེད་ཅིང་། །མེད་པར་སྨྲ་བ་ཆོས་སུ་སྒྲོག །ཅེས་པ་ནས། དེ་རྣམས་བདུད་ཀྱི་བྱིན་རླབས་ཀྱིས། །གལ་ཏེ་དངོས་གྲུབ་ཕྲ་


CMR035_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། །དེས་ནི་མངོན་པར་ང་རྒྱལ་བས། །མཁས་པ་སྙམ་དུ་ཤེས་པར་འགྱུར། །ཞེས་དང་། སློབ་དཔོན་ཡེ་ཤེས་གྲགས་པས། དེ་ལྟར་དེ་ཉིད་མི་ཤེས་པས། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །གང་ཞིག་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་མ་དེ་བརླག་འགྱུར། །ཚིག་ཙམ་ལ་ནི་བརྟེན་ནས་སུ། །ཆགས་ཤིང་ཞེན་པའི་སེམས་ཀྱིས་ནི། །བསོད་ནམས་མ་ཡིན་བྱེད་པ་གང་། །དེ་ནི་འོག་ནས་འོག་ཏུ་འགྲོ། །ཞེས་གསུངས་སོ། །དེ་བཞིན་དུ་མུ་སྟེགས་པ་རྣམས་དབང་ཕྱུག་མཆོད་པའི་ཕྱིར་མི་དང་མ་ཧེ་སོགས་བསད་ནས་མཆོད་ན་བསད་པ་དེ་ཡང་ལྷར་སྐྱེ་ལ་ལྷ་དབང་ཕྱུག་དང་ཚངས་པ་དྲག་པོ་ཁྱབ་འཇུག་སོགས་མཉེས་ནས་དངོས་གྲུབ་སྟེར་ཟེར་ནས་དམར་མཆོད་བྱེད་པ་དང་། བན་བོན་རྣམས་ཕྱུགས་གཡག་བསད་ཁྲོ་བོ་བཅའ་བ་དང་། དེ་དང་ཆ་འདྲ་བར་བོད་དུ་ཡང་ཙཱ་རི་རྨ་ཀུང་ལུང་སོགས་སུ་དམར་མཆོད་བཏང་ཟེར་ནས་མང་པོ་བསད་ཤ་ལ་ཚོགས་འཁོར་བྱས་པས་དུད་འགྲོ་དེ་ཐར་པ་ཐོབ་རྟགས་བཙོ་མེད་པར་འཇའ་ཚོན་དུ་ཡལ་བ་དང་། འདིར་ཡང་ཚོགས་བརྒྱ་དང་རིམ་གྲོ་ལ་དམིགས་ནས་སེམས་ཅན་བསད་དེ་ཚོགས་གཏོར་ཤ་ཕུད་ཀྱིས་བྱེད་པ་ནི་མི་


CMR035_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ། སློབ་དཔོན་དཔའ་བོས། ཕྱུགས་རྣམས་བསད་པས་ཆོས་འགྱུར་ཞིང་། །ལྷ་ཡི་འཇིག་རྟེན་སྐྱེ་བ་དང་། །ལྷ་ཡང་མཉེས་པར་འགྱུར་བ་དག །ཇི་ལྟ་བུར་ནི་གཏད་པར་འགྱུར། །ཕྱུགས་རྣམས་བསད་པར་གྱུར་བ་སྔགས་ཀྱི་མཐུས། །མཐོ་རིས་འགྲོ་ཕྱིར་དེ་བས་དེ་བསད་ན། །ཆོས་སུ་འགྱུར་ཞེས་ཟེར་ན་དེ་ཡང་བརྫུན། །གཞན་གྱིས་བྱས་པ་ཕ་རོལ་སུ་ཞིག་འཐོབ། །ལོག་པར་སྤྱོད་ལ་ཡིད་ནི་མ་བཟློག་ཅིང་། །དགེ་བའི་ལས་ལ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་དག་ལ་བསད་གྱུར་ཀྱང་། །བདག་བྱས་གཞི་མེད་ཇི་ལྟར་མཐོ་རིས་སྐྱེ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་བ་ནི། །བྲམ་ཟེ་བདག་ཉིད་ཆས་སུ་གྱུར་པ་དག །གང་ཕྱིར་ཚུལ་འདི་གང་ནའང་མི་སྣང་བས། །དེ་ཕྱིར་དེ་དག་ཚིག་ནི་སུ་ཞིག་ཉན། །མཚུངས་མེད་མཐུ་དཔུང་རོ་དང་གཟིགས་ལྡན་པའི། །བདུད་རྩི་ཟས་མཆོག་ལྷ་མོས་ཕུལ་བ་དག །ནོར་ནས་ཕྱུགས་བསད་ཤ་ཁྲག་ལ་སོགས་པས། །ལྷ་རྣམས་མགུ་བར་འགྱུར་པ་ག་ལ་སྲིད། །ཅེས་དང་། རིང་གི་ཨ་རལླི་ལས། ཁ་ན་མ་ཐོ་མེད་རྙེད་པས། །གལ་ཏེ་བསད་པར་བྱས་ན་ནི། །དེ་ཚེ་རྣལ་འབྱོར་པས་མི་འགྲུབ། །སེམས་ཅན་


CMR035_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེམས་རྣལ་འབྱོར་སོང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དུས་འཁོར་ལས། ཡུལ་གང་ན་ཟ་བ་མ་ཡིན་ཞིང་འཚོང་བ་མ་ཡིན་པའི་ཤ་ཆེན་རྣམས་ཟ་བར་གསུངས་པ་རྣམས་ནི་རྣལ་འབྱོར་པ་གྲུབ་པ་ཐོབ་པས་ཡིན་གྱི་སོ་སོའི་སྐྱེ་བོ་ཕལ་པས་མི་རུང་སྟེ་གོང་དུ་ཡང་བཤད་པ་ལྟ་བུའོ། །གྲི་ཐབས་དགུ་དང་རྦབ་ཤ་དང་གཅན་ཐེད་མཁའ་འགྲོ་མི་དགྱེས་པས་ཚོགས་ཤར་མི་རུང་བར་རྫོགས་ཆེན་ དགོངསཟངཐལ ་གྱི་ཚོགས་ཀྱི་རྒྱ་གཞུང་ནས་གསུངས་སོ། །ནད་ངན་པ་ནད་ཡུན་རིང་བའི་ཤ་ངན་མ་ཡིན་པ་ལ་ལས་ཀྱིས་ཤི་བ་རུང་སྟེ། བདེ་མཆོག་སྟོད་འགྲེལ་ལས། གཡུལ་དུ་མཚོན་གྱིས་བསད་པ་ཁ་མནོང་བ་དང་བྲལ་བའམ། ནད་ཀྱིས་ཤི་བའི་ལས་ངན་པས་བསད་པ་སྤངས་ཏེ། ཞེས་རུང་བར་གསུངས་ལ། ཡང་ཚོང་འདུས་ནས་འདིར་བསད་ན་ངས་ཉོ་ཞེས་གསོད་དགུག་བྱེད་བའི་དགུག་ཤ་དང་། ཚོགས་འཁོར་དང་རིམ་གྲོ་ལ་བསྔོས་ནས་བསད་པ་དང་། རིམ་གྲོ་དང་ཚོགས་འཁོར་ཕྱིར་ཤ་ཁྱེར་ཤོག་ཅེས་བརྗོད་པས་བསད་ནས་འོང་བ་ཉོ་བ་རྣམས་མི་རུང་སྟེ། དུས་འཁོར་འགྲེལ་པར། འོ་ན་སྔགས་ཀྱི་ཐེག་པ་འདིར་རྣལ་འབྱོར་པ་རྣམས་ཀྱིས་ཤ་


CMR035_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ། དེ་ཉིད་རྟག་ཏུ་སྲོག་བཅད་པ་ལས་འབྱུང་སྟེ། སྲོག་གཅོད་པར་མེད་པ་ནི་འགའ་ཞིག་གི་ཚེ་བསྲིང་ངོ་། །གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་ངོ་། །དེའི་ཕྱིར་ཟ་བ་པོ་དང་གསོད་པ་པོ་དག་སྲོག་གཅོད་པར་འགྱུར་རོ། །ཞེས་དང་། རྫས་ཀྱིས་ཉོས་པ་ནི་མ་ཡིན་ཞིང་ཕ་མ་ལ་སོགས་པ་དང་། མཆོད་སྦྱིན་ལ་སོགས་པ་ལ་བསད་པ་ཡང་མ་ཡིན་ཏེ་མཚན་མ་དང་བཅས་པའི་ཤ་བཟའོ། །ཞེས་པ་ནི་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་གསུངས་ཤིང་། གྲུབ་པ་ཐོབ་པའི་རྣལ་འབྱོར་པས་ཀྱང་བསྔོས་ནས་བསད་པ་བཟའ་རུང་བར་གསུངས་སོ། །མདོར་ན་རྣམ་གསུམ་དག་པའི་ཤ་ནི། བདག་ལ་བརྟེན་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག །ཅེས་སྤྱོད་འཇུག་ལས་གསུངས་པ་ལྟར་དུ། རང་གི་ཆེད་དུ་རྣམ་པར་བརྟགས་ནས་ཏེ། །རང་ལ་བསྔོས་ནས་བསད་པ་མ་ཡིན་པ། །དེ་ཤེས་བཞིན་རང་གིས་བླངས་པ་མ་ཡིན་པ། རང་གིས་ཤ་ཁྱེར་ཤོག་ཅེས་བསྐུལ་ནས་དེས་བསད་པའི་རྐྱེན་བྱས་པ་མ་ཡིན་པ། དེ་ལྟ་བུ་ནི་དམ་རྫས་ཅུང་ཟད་བཟའ་བཏུང་རུང་སྟེ། དེ་འདྲ་མ་རྙེད་ན་མི་རུང་སྟེ། དྲན་ཉེ་ལས། རྣམ་


CMR035_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བླངས་དང་། །མ་བསྐུལ་པ་ཡང་ཡང་མེད་པས། །དེ་བས་ཤ་ནི་མི་བཟའ་འོ། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ་། །ང་དང་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་གསུངས་སོ། །ཟོས་ན་སྔགསཾ་མི་འགྲུབ་སྟེ། ལང་ཀར་གཤེགས་པར། དུར་ཁྲོད་པ་རྣམས་དང་དགོན་པ་ནགས་འདབས་མི་མ་ཡིན་པ་རྒྱུ་བ་བས་མཐའ་ཡི་མལ་སྟན་ལ་གནས་པའི་རྣལ་འབྱོར་ལ་སྤྱོད་པ། བྱམས་པ་ལ་གནས་པ་རྣམས་དང་། རིག་སྔགས་འཆང་བ་རིག་སྔགས་བསྒྲུབ་པར་འདོད་པ་རྣམས་ཀྱིས་རིག་སྔགས་བསྒྲུབ་པ་དང་། ཐར་པ་ལ་བགེགས་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་རྣལ་འབྱོར་བསྒྲུབ་པ་ཐམས་ཅད་ཀྱི་བར་ཆད་བྱེད་པར་འགྱུར་བར་རྗེས་སུ་མཐོང་ནས། བདག་དང་གཞན་གྱིས་ལུས་ཕན་པར་འདོད་པས་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའ་འོ། །ཞེས་གསུངས་སོ། །དེ་ཡང་བླ་མེད་རྒྱུད་དུ་དཀའ་ཐུབ་མི་བྱ་སྟེ། དཀའ་ཐུབ་སྡོམ་པ་མི་ཟད་པས། །ལུས་གདུང་གྱུར་ན་མི་འགྲུབ་སྟེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་


CMR035_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་། །ཞེས་གསུངས་པ་ནི། ཕྱི་རོལ་པས་དཀའ་ཐུབ་རི་ལ་འཕྱངས་པ་དང་མེར་འཇུག་སོགས་ཡིན་གྱི་ཤ་ཆང་སྤངས་པ་ཙམ་དཀའ་ཐུབ་མ་ཡིན་པར་གསུངས་སོ། །ཟླ་བ་གྲགས་པས་རི་ལ་འཕྱང་ཞིང་མེར་འཇུག་པ་ལ་སོགས་པ་མི་བཟད་པ་སྟེ། ཞེས་གསུངས་སོ། །ངོར་ཆེན་པས་ནི་བསད་ཤ་ཡིན་པ་ཙམ་གྱིས་མཆོད་རྫས་དང་བཟའ་བའི་དམ་རྫས་རུང་གསུངས་རང་གི་ཆེད་དུ་མ་ཡིན་པ་ཚོགས་འཁོར་སོགས་དེའི་ཆེད་དུ་མ་བསད་པ་རྣམ་གསུམ་དག་པའི་ཤ་རྙེད་ན་ལྷ་མཆོད་པའི་གཏོར་རྒྱན་དང་ཚོགས་རྫས་བཟའ་བའི་དམ་རྫ་ས་རུང་སྟེ། རྣལ་འབྱོར་གྱི་དབང་ཕྱུག་རལ་པ་གཅིག་མའི་རྒྱུད། དུར་ཁྲོད་ལྷ་མོ་ནག་མོའི་རང་རྒྱུད་སྟེ་རྙིང་མའི་རྒྱུད་གཉིས་དང་། མགོན་པོ་ཕྱག་བཞི་པའི་གསུང་རྒྱུད་ཁྲག་མཚོ་ཁོལ་མ་དང་། ཡུམ་རྩ་འཇིབ་མའི་རྒྱུད་དུག་རླངས་ཁོལ་མ་སྟེ་གསར་མའི་རྒྱུད་གཉིས་དང་བཞི་ལས། བསད་པའི་ཤ་ཁྲག་མཆོད་རྫས་སུ་གསུངས་སོ། །དེ་ལྟར་རྣམ་གསུམ་དག་པའི་ཤ་དེ་ཚོགས་ཤར་ཟ་བ་ཡང་བུ་ཡི་ཤ་ཟ་བ་ལྟར་སེམས་ཅན་དེ་ལ་སྙིང་རྗེ་བསྐྱེད་ཅིང་དེ་ཉིད་ཀྱི་རུས་པ་ལ་གཟུངས་སྔགས་བྱིན་རླབས་ཅན་གདབ་པ་དང་། རྒྱས་ཐེབ་པའི་བསྔོ་སྨོན་གྱིས་རྒྱས་གདབ་ཤིང་ལུས་གསོ་


CMR035_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྨན་གྱི་འདུ་ཤེས་ཀྱིས་རན་ཙམ་ཟ་སྟེ། དྲན་ཉེ་ལས། ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པར་ཡང་། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །ཅེས་གསུངས་སོ། །དེ་ཡང་ཚོགས་ཤེ་གསོག་འཇོག་བྱས་ཏེ་ཡང་ཡང་བཟའ་མི་རུང་སྟེ། དངོས་གྲུབ་ཀྱི་རྫས་གསོག་འཇོག་མེད་པར་རིངས་པར་བཟའ་བར་སྒྲུབ་ཆེན་རྣམས་ནས་གསུངས་སོ། །དེ་ཡང་ཚོགས་ཟན་དང་ཚོགས་ཆང་ཚོགས་ཤ་སོགས་ཚོགས་ལ་ཟས་སྣ་དུ་ཡོད་པ་དེ་མ་བགྲངས་ནས་བཀྲེས་པར་མི་བྱ་སྟེ། ཚིམ་པར་བཟའ་ཞིང་ངོམ་པར་བཏུང་། ཞེས་གསུངས་སོ། །བཟའ་ཆེས་པས་མི་འཇུ་བའང་བཟར་མི་རུང་སྟེ། དུས་འཁོར་ལས། ཁ་ཟས་གང་ཡང་བདེ་བའི་དོན་ཏེ་ཉིན་ཞག་སོ་སོར་དུས་སུ་མ་ཞུ་བའི་རྒྱུར་ཡང་མ་གསུངས་སོ། །ཞེས་དང་། དེའི་འགྲེལ་པར། དེ་བཞིན་དུ་ཁ་ཟས་བྱེད་པ་ནི། འདིར་ཁ་ཟས་ཐམས་ཅད་བདེ་བའི་དོན་ཏེ། གང་ཅུང་ཟད་ཁ་ཟས་བྱེད་པ་དེ་ཐམས་ཅད་ཤིན་ཏུ་ཆུང་བ་བདེ་བར་འགྱུར་ཏེ། དེའི་ཕྱིར་ཉིན་ཞག་སོ་སོའི་དུས་སུ་མ་ཞུ་བའི་རྒྱུར་མི་བྱའོ། །ཞེས་པ་ནི་ཁ་ཟས་ཀྱི་ངེས་པའོ། །ཞེས་གསུངས་སོ། །དེས་ན་མི་ཧ་


CMR035_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ལྟོ་ཆེ་བ་མ་ཡིན་པ་མ་ཞུ་བའི་ནད་ཡོད་པ་མ་ཡིན་པ་ཞིག་གིས་ཟན་གཅིག་མ་ཟོས་ན་བདེ་བར་ཞུ་བ་ཙམ་ལས་ཆེ་བ་མི་རུང་། ཚོགས་ཤ་གྲོག་སྲིན་རྐང་ལག་ཙམ་ཡན་ཆད་གཅིག་མི་ཟ་བ་མི་རུང་། གྲོག་སྲིན་གྱི་རྐང་ལག་གི་ཚད་ནི་སྐྱེ་བདུན་ཤ་དེ་ཙམ་ཁོང་དུ་སོང་ན་ཕན་ཡོན་འབྱུང་གསུངས་པས་དེ་ཙམ་ཟོས་པས་ཀྱང་ཆོག །གལ་ཏེ་གཏན་ནས་ཚོགས་ཤ་མ་ཟོས་ན་གསང་སྔགས་ཀྱི་རྩ་ལྟུང་བཅུ་གསུམ་པ་ཕོག་སྟེ། དམ་ཚིག་ལ་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པའོ། །ཞེས་དང་། དེའི་འགྲེལ་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་པས་ཀྱང་དེ་རྩ་ལྟུང་དུ་གསུངས་ལ། རང་བྱུང་པས་ཀྱང་དེ་ལྟར་གསུངས་ཤིང་། སྲོང་བཙན་སྒམ་པོས་ཀྱང་བསྙེན་གནས་དུས་ཚོགས་མ་ཟོས་ན་དམ་ཚིག་ཉམས་གསུངས་པ་དང་། ཌོམ་པ་ཀྱང་རྟོག་པ་འཛེམ་བག་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་གསུངས།་ཚོགས་ཀྱི་འདུ་བ་ལས་ཀྱང་བྲམ་ཟེ་ཞིག་ཨོ་རྒྱན་ཡུལ་གྱི་ཚོགས་གྲལ་དུ་ཕྱིན་པས། ཚོགས་ཀྱི་རྫས་ཤ་ཁྲག་ལ་སྐྱུགས་བྲོ་དང་རྣམ་རྟོག་ཤོར་བས་སྣ་ཁྲག་ཕྲུལ་ལེར་ཤི་བའི་ལོ་རྒྱུས་དང་། ཨོ་རྒྱན་རིན་པོ་ཆེས། འདི་ལ་ཐེ་ཚོམ་བྱ་མི་རུང་། །གསུངས་པས་ཐེ་ཚོམ་བྱས་ན་མཁའ་འགྲོའི་


CMR035_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཆད་འབྱུང་རྩ་ལྟུང་གི་ཉེས་པས་ལྟུང་ངོ་། །དེ་ལྟ་བུའི་ཕྱག་ལེན་གྱི་རྒྱུད་བཟང་པོ་དག་ཡོད། རྗེ་རོལ་པའི་རྡོ་རྗེའི་སྐུ་གཞོགས་སུ་དགེ་སློང་སྣམ་སྦྱར་ཅན་ལྔ་བརྒྱ་ཙམ་རྟག་པར་ཡོད་པས། ཤ་དག་རི་དྭགས་ཀྱི་སྤུ་ཙམ་ཡང་སྤྱན་ལམ་དུ་མི་འགྲིམ་པའི་རྣམ་ཐར་མཐར་ཕྱིན་པར་མཛད་པ་ནས་བཟུང་སྟེ། རྗེ་མི་བསྐྱོད་རྡོ་རྗེས་བཙུགས་པའི་ཆོས་སྡེ་ཡང་ཟུར་སོགས་ཕལ་ཆེ་བ་ལ་ཤ་ཡི་ཁྲིམས་དམ་པོ་མཛད་ཅིང་། གྲྭ་ཚང་ཉིན་གླིང་དུ་ཤ་ཁྲིམས་མེད་ཀྱང་ཤ་བཅད་པ་རྣམས་ལ་སྡོར་དཀར་བ་ཞེས་ཐུག་པ་ལོགས་སུ་བཀོལ་བ་དང་། ཡབ་སྲས་རྣམས་དཀར་གྲོ་མ་གཏོགས་ཤ་སྤྱན་ལམ་དུ་མི་འགྲིམ་ཡང་། ཚོགས་འཁོར་དུས་ནི་ཚོགས་ཤ་ཤ་བཅད་ཀུན་གྱིས་གསོལ། ཡབ་སྲས་རྣམས་ཀྱང་དམ་ཚིག་དང་མི་འགལ་བའི་ཆེད་དུ་ཅུང་ཟད་མཆོད་པ་ཡིན་ནོ། །དེས་ན་རབ་ཤ་བཅད་དམ་པར་བྱས་ལ་རྣམ་གསུམ་དག་པའི་ཤ་ཚོགས་འཁོར་གྱི་དུས་དམ་ཚིག་བསྲུང་ཕྱིར་ཆེ་ན་ཤ་ཆང་ཟན་གསུམ་མི་འཇུ་བ་མིན་ཙམ། ཆུང་ན་གྲོག་སྲིན་གྱི་རྐང་ལག་ཙམ་བཟའོ། །འབྲིང་དུ་བསྔོས་ཤ་སྤངས་ནས་དེ་མ་ཡིན་པའི་ཤ་ཟ་བའི་ཚེ་ཚོགས་ཉུང་དུ་བྱས་ལ་བཟའ་འོ། །ཐ་མ་ཡང་ཉིན་ཤ་དང་སེམས་ཅན་རིས་མཐུན་


CMR035_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤ་མི་ཤ་སོགས་སྤངས་ལ་བདུད་རྩིར་བྱིན་གྱིས་བརླབས་ནས་ནང་གི་སྦྱིན་སྲེག་ལྟར་ཟོས་ནས་གཟུངས་སྔགས་དང་སངས་རྒྱས་ཀྱི་མཚན་གྱིས་དུད་འགྲོའི་སྒྲིབ་པ་སྦྱང་ཕྱིར་སྙིང་རྗེ་ཆེན་པོ་བསྐྱེད་དོ། །ཞེས་ཤ་དང་ཚོགས་རྫས་ཀྱི་རྣམ་པར་དབྱེ་བ་མདོ་རྒྱུད་གྲུབ་ཐོབ་རྣམས་ཀྱི་གསུང་དང་། གྲྭ་ས་དང་སྒར་ཆེན་གྱི་སྤྱན་ལྟོས་ལྟར། ༧ ཨ་རཱ་གས་བཀོད་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་། དགེ་བས་འདི་ཉིད་མཐོང་ཐོས་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་ནས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་འདྲེན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཤ་ཡི་ཉེས་དམིགས་དང་གནང་བཀག་གི་ས་མཚམས་དབྱེ་བ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མའི་ཞལ་ལུང་།next