Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
རྒྱལ་བརྔན་བཅའ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བརྔན་བཅའ་ཐབས།next

རྒྱལ་བརྔན་བཅའ་ཐབས།


CMR036_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བརྔན་ཆེན་པོའི་བཅས་ལ། སྣོད་འབྲུས་བཀང་བའི་སྟེང་དུ་རི་རབ་བང་རིམ་བཞི་པའི་ཁར། དཀར་གཏོར་ལོགས་གཅིག་ཉི་ཟླ་ནོར་བུའི་བརྒྱན་པར་བཞག །ཕྱོགས་བཞི་མཚམས་བརྒྱད་ཀྱི་བང་རིམ་རེ་རེའི་སྟེང་དུ་གཏོར་ཆུང་ཟླུམ་པོ་རེ་རེ་བཞག་པས་གཙོ་འཁོར་སོ་གསུམ་འོང་། རི་རབ་རྩ་བར་གླིང་བཞི་གླིང་ཕྲན་གཟུགས་བཞག །དེ་ཉིད་གཞི་དབུས་འདབ་བརྒྱད་སྟེང་དུ་བཞག །གཡས་སུ་དགའ་འཁྱིལ་བྲིས་པའི་སྟེང་དུ་མགོན་པོ་ལྕམ་དྲལ་གཏོར་མ་དམར་གཏོར་ཆོས་སྐྱོང་གཏོར་མ་འདྲ་བ་ཆེ་ཆུང་གཉིས་ཀྱི་རྩེར་བྱ་ནག་བཙུགས་། གཡོན་དུ་གཡུང་དྲུང་གཡས་འཁྱིལ་བྲིས་པའི་སྟེང་དུ་དཀར་གཏོར་ཆེ་ཆུང་གསུམ་བཞག །དཀར་གཏོར་ཆེ་བའི་རྩེར་བྱ་དཀར་བཙུགས། མདུན་དུ་ཕྲེང་བྱས་ལ་བརྟན་མ་བཅུ་གཉིས་ལ་བཤོས་ཕྲན་ཟླུམ་པོ་བུ་ཁུར་བཅུ་གཉིས་བཤམས། བསྡུ་ན་གཅིག་གིས་ཆོག །བརྔན་བཤོས་གཙོ་བོའི་མདུན་གང་བདེར་ཟན་གྱི་གཡག་ལུག་ར་གསུམ་ཉ་སྦལ་ལྕོང་གསུམ་བཞག །དེའི་མདུན་དུ་གཡས་སུ་ཇ་ཕུད། གཡོན་དུ་འོ་ཕུད། མདུན་དུ་ཕྱེ་མར་འབྲུ་སྣ། དེའི་མདུན་དུ་མཆོད་པ་སྣ་བདུན་བཤམས། གཡས་ཕྱོགས་དམར་གཏོར་གྱི་རྒྱབ་


CMR036_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དར་ནག་གི་མདའ་དར་ནག་པོ་འཛུགས། གཡོན་ཕྱོགས་དཀར་གཏོར་རྒྱབ་ཏུ་བསང་རྫ་ས་མདའ་དར་དཀར་པོ་འཛུགས། དམར་གཏོར་གཙོ་བོ་ཕུལ་དུས་གཡོན་དམར་གཏོར་དང་གཡས་མདའ་དར་བཟུང་། དཀར་གཏོར་ཕུལ་དུས་གཡོན་དཀར་གཏོར་དང་གཡས་མདའ་དར་བཟུང་། གཙོ་བོ་ཕུལ་དུས་མདའ་དར་གཉིས་བཟུང་། ཀརྨ་ཆགས་མེད་ཀྱིས་དཔལ་ངེ་བླ་མ་མགོན་ལུ་ལ་གནང་བའི་ཕྱག་བྲིས་ལས་བཤུས་སོ།། ༈ གནས་མདོ་དཔལ་རི་རྩེའི་ཕྱག་ལེན་བསང་བརྔན་གྱི་རིམ་པ་ལ་བསང་ཁ་རྐྱང་དུས་སྐྱབས་སེམས་ཚར་ནས་བདག་བསྐྱེད་སྤྱན་རས་གཟིགས་བྱ། མདུན་བསྐྱེད་དང་སྤྱན་འདྲེན་བཞུགས་གསོལ་དུག་ཕྱུང་ཁྲུས་གསོལ་དང་བསངས་སྦྱངས་བྱིན་རླབས་བཅས་མ་ལུས་ཞི་བར་བྱེད་པ་ཉིད་དུ་གྱུར་བར་བརྗོད། འདི་ཕན་གྱི་སྔགས་དང་ཕྱག་རྒྱ་རྣམས་མི་དགོས། ཨ་ཀཱ་རོས་བྱིན་བརླབས་ནས། དཔག་མེད་བསོད་ནམས་ལ་འཇུག །བསང་ངོ་མཆོད་དོའི་སྐབས་སུ་ཕྱེ་མར་སོགས་བསང་ཁང་དུ་མཆོད། བསྟོད་པ་ཚར་དུས་བསང་མེ་སྦར། དུ་བའི་ལྷ་མོ་བསྐྱེད་ཚར་ནས་བསང་གཞུང་ལ་འཇུག་པ་མ་གཏོགས་གསོལ་ཁ་སོགས་མི་དགོས། ༈ རྒྱལ་བརྔན་བྱེད་ན་རི་རབ་བང་


CMR036_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་སྟེང་དུ་དཀར་གཏོར། བང་རིམ་རྣམས་ལ་གཏོར་ཆུང་ཟླུམ་པོ་སོ་གཉིས། ཁྱུང་འབྲུག་སེང་གསུམ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བྱ་རིགས་རི་དྭགས་གཡུང་དྭགས་གཅན་གཟན་ཆུ་གནས་སོགས་ཀྱི་གཟུགས་བཙུགས་པ་དང་བཀྲམ་པ་སོགས་བྱ། མཐར་ཆངས་བུ་བཞི། ཏིང་ལོ་བཞི། ངར་མི་པར་བཏབ། སྐུ་གླུད་ཚུལ་རྣམས་བསྐོར། བརྟན་མའི་བཤོས་བུ་བཅུ་གཉིས་སྙིང་གཟུགས་རྣམས་གཡོན་ཕྱོགས་ནས་སྦྱར། གཞན་ཡང་དཀར་གཏོར་བྱ་དཀར་ཅན་དང་། དམར་གཏོར་བྱ་ནག་ཅན་སོགས་གཏོར་མ་རྣམས་འབྲུའི་གཡུ་དྲུང་རིས་དང་། དགའ་འཁྱིལ་རིས་ཀྱི་སྟེང་དུ་བཞག་པའང་། མདའ་དར་དཀར་ནག་གཉིས་སོགས་གཞུང་ལྟར་བྱའོ།། ༈ འདོན་བྱ་ནི་སྐྱབས་སེམས་ཚར་ནས་བདག་བསྐྱེད་ཨོ་རྒྱན་བྱ། མདུན་བསྐྱེད་སོགས་བསང་གི་དུས་ལྟར་ལ། བརྔན་གཏོར་བྱིན་རླབས་སོགས་སྔགས་དྲུག་ཕྱག་རྒྱ་དྲུག་རྒྱས་པར་བྱ། དུ་བའི་ལྷ་མོ་བསྐྱེད་ཚར་ནས། འཛམ་བུ་གླིང་གི་བོད་ཡུལ་དབུས་ནས་བཟུང་། ཀུན་ཀྱང་བཤད་པའི་ཆོས་ལ་ཉོན་བར་རོ། །དེ་ནས་གནམ་ཆོས་ཞི་བ་འདོན། དེ་ནས་གསེར་ལོ་མ་དང་། འཛམ་


CMR036_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་སྤྱི་བསང་བྱ། གེལ་བསང་གང་ཡོད་རྣམས་སྦྱར། ཧཱུྃ། སེམས་ཅན་ཀུན་གྱི་མགོན་གྱུར་སོགས་ནས། འདོད་པའི་རེ་བ་བསྐང་དུ་གསོལ། །དམར་གཏོར་བྱ་ནག་ཅན་དང་མདའ་དར་མཆོད་གཡོག་པས་བཀྱག་ལ། ཧཱུྃ། མཆོད་ཡོན་མེ་ཏོག་སོགས་ནས། དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག་བར་འདོན་ལ་ཕུལ། ཡང་དམར་གཏོར་གཅིག་བཀྱག་ལ། ཕྱི་ནང་གསང་བའི་སོགས་ནས་ཀུན་སྩོལ་ཞིག་བར་འདོན་ལ་ཕུལ། བརྔན་གཏོར་བཀྱག་ལ། ན་བཟའ་ལྷབ་ལྷུབ་སོགས་ནས། བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད་བར་འདོན་ལ་ཐོག་ཁའམ་བསང་ཁང་དུ་འབུལ། སྙིང་བཤོས་བཅུ་གཉིས་བཀྱག་ལ། ཧཱུྃ། ཡུལ་ནི་རྡོ་རྗེ་བྲག་དམར་སོགས་འདོན་ལ། བཤོས་བུ་སྙིང་དང་གཏོར་མས་བརྔན་ཟེར་མཚམས་རེ་རེ་བཞིན་འབུལ་དགོས། དཀར་གཏོར་བྱ་དཀར་ཅན་དང་མདའ་དར་བཅས་བཀྱག་ལ། ཧཱུྃ། བོད་ཡུལ་ཀུན་སོགས་ནས། ཕུན་ཚོགས་མཛོད་བར་འདོན་ལ་ཕུལ།་ཡང་དཀར་གཏོར་གཅིག་བཀྱག་ལ། ཧཱུྃ། གཞན་ཡང་བསང་ཞིང་སོགས་ནས། སྲུང་བར་ཤོག་བར་འདོན་ལ་ཕུལ། ཡང་དཀར་གཏོར་བཀྱག་ལ། ཧཱུྃ། སློབ་དཔོན་ཆེན་པོ་སོགས་


CMR036_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ལ་ཕུལ། ལར་འདི་རྣམས་ལ་དམར་གཏོར་རིགས་ལ་ཇ་ཕུད་ཀྱིས་བྲན། དཀར་གཏོར་འོ་ཕུད་ཀྱིས་བྲན། བསང་ཁང་དུ་ཕུལ་སྐབས་གཏོར་མ་རྣམས་ཀྱི་སྟོད་ཆ་བཅད་ལ་ཕུལ། སྨད་ཆ་དངོས་གྲུབ་ཀྱི་ཚུལ་དུ་བཞག །སྙིང་བཤོས་རྣམས་དང་མཐའི་ཡུལ་ལྷའི་དཀར་གཏོར་རིལ་པོར་འབུལ། ལྷག་མ་མི་བཞག །བརྔན་གཏོར་ཡང་སྟོད་ཆ་དང་གཟུགས་འགྲོས་རྣམས་བསང་ཁང་དུ་འབུལ། སྐུ་གླུད་དང་ཆངས་བུ་སོགས་བསང་ཁང་གི་མཐའ་ས་ཐོག་ཏུ་བཏབ། བྱེས་སུ་འགྲོ་ཁ་སོགས་ཕྱི་རོལ་དུ་འབུལ་ནའང་། གཙོ་བོ་གཟུགས་འགྲོས་བཅས་ཆབ་ཅིག་ཏུ་འབུལ། གཞན་དམར་གཏོར་དཀར་གཏོར་སོགས་ནི་བསང་ཁང་དུ་འབུལ། དེ་ནས་སྡོམ་པ་དམ་ཚིག་དང་། ཕྱི་སྣོད་ཀྱི་འཇིག་རྟེན། མ་མཆེད་བརྒྱད་ཅེས་བརྗོད་ནས་ཕྱེ་མར་འབུལ། རྗེས་ཆོག་བཀྲ་ཤིས་བཅས་མཐོང་བ་བརྒྱུད་པ་ལྟར་བྱའོ།། ༈ བསང་མི་རུང་བ་མེ་དུད་སོལ་གསུམ་ཡིན། བསང་བྱས་བར་སྣང་ལྷ་སྲིན་ཐམས་ཅད་ལ། །མེ་ཆེན་སྣང་བ་འབྱུང་ལ་ཉེས་པ་ཆེ། །ཚེས་གཅིག་བསངས་བྱས་རྨོ་ངོ་ཁྲག་ངོ་གྲི་ངོ་ལྡང་། །ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག་རྣམས་ལ། །རི་མགོར་བསངས་བྱས་ལྷ་


CMR036_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མི་དགའ་བས། །ལོ་ཐོག་མི་ལེགས་རྐྱེན་དུ་འགྱུར་བ་ཡིན། །དེ་མིན་ནམ་འདོད་བསང་ནི་རུང་བ་སྟེ། །རྒྱུན་བསང་ཆག་མེད་ལ་ནི་བརྩི་སྲོལ་མེད། །བསང་བརྒྱ་བཏང་བ་རྒྱུན་བསང་དབུ་འཛུགས་ལ། །སྐར་སྐྱོན་མེད་ཅིང་གཟའ་སྐར་བཟང་བ་གཅེས། །རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། ༈ དམར་གཏོར་ཆེ་བ་བྱ་ནག་ཅན། ཆུང་བ་དཀར་གཏོར་ཆེ་ཆུང་གསུམ་གྱི་ཆེ་བ་ལ་བྱ་དཀར་འཛུགས། དཀར་གཏོར་གཅིག་ལ་བྱ་རིགས་གཡུང་དྭགས་སོགས་བསྐོར། ཁུ་ཡེའི་ཕྱེ་མར་མདའ་དར། དཀར་ནག་ཁྲ་བོ་དང་གསུམ། མེ་དར་དམར་པོ། རླུང་དར་ལྗང་ཁུའོ། །བཀྲ་ཤིས།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་བརྔན་བཅའ་ཐབས།next