Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ཞི་བའི་ཆོ་ག་གབ་འཁྲུགས་འདོད་དགུའི་དཔལ་གཏེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་བའི་ཆོ་ག་གབ་འཁྲུགས་འདོད་དགུའི་དཔལ་གཏེར།next

ཞི་བའི་ཆོ་ག་གབ་འཁྲུགས་འདོད་དགུའི་དཔལ་གཏེར།


CMR036_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཆོ་ག་གབ་འཁྲུགས་འདོད་དགུའི་དཔལ་གཏེར་བཞུགས་སོ།


CMR036_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་མམ་བདུན་ནམ་ཉེར་གཅིག །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་


CMR036_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཚད་མེད་བཞི་བསྒོམ། ཞི་བ་ལ། ཧཱུྃ། པད་སྡོང་འདབ་དྲུག་ཁྲི་འཕང་བཞིར། །པདྨ་ཉི་ཟླའི་གདན་སྟེང་དུ། །རང་ཉིད་རྡོ་རྗེ་སེམས་དཔའི་སྐུ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །དར་དང་རིན་ཆེན་དུ་མས་བརྒྱན། །སྤྱི་གཙུག་བླ་མ་ཀུན་བཟང་མཐིང་། །མཚན་དཔེས་བརྒྱན་སྤྲས་ཡུམ་དང་སྦྱོར། །སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ། །ཆུ་ནང་ཟླ་བ་བཞིན་དུ་གསལ།


CMR036_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ས་ཏཱ་ཨཱཿ སྔགས་ཉེར་གཅིག་བརྗོད། ཨོཾ་བཛྲ་སཏྭ་ཨརྒྷ་སོགས་ཀྱིས་མཆོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །འདི་ལ་བསྐྱེད་བསྟིམ་སོགས་མི་འཚལ་ཏེ་དྲན་རྫོགས་སུ། ཨོཾ་སྭ་བྷ་ཝ༴ སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃལས་པདྨ་དྭིས་མཚན་པ་ལས་འཇིག་རྟེན་མགོན་པོ་སྐུ་མདོག་དཀར་པོ་རྡོ་རྗེ་སེམས་དཔའི་སྙིང་པོ་དང་ཟླ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་བཞི་པའི་དང་པོ་ཀྱིས་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་ནོར་བུས་བརྒྱན་པའི་པདྨ་བསྣམས་པ། རྒྱན་སྣ་ཚོགས་པས་སྤྲས་ཤིང་ཞི་བའི་ཉམས་ཅན། དེའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧྲིལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་སུ་ར་ཏ་བཛྲ་ཨ་ལ་ལ་ཧོ། ས་མ་ཡ་སྟེ་ཨ་ཧཾ་གཉིས་སུ་མེད་པར་གྱུར།་དབང་ལྷ་སྤྱན་དྲངས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅི་ནུས་བཟླའོ།། ཨོ་ལོ་ཀི་ཤྭ་ར་ཨརྒྷཾ་


CMR036_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འདི་ཟ་མ་ཏོག་གི་གཞུང་ངོ། །དུག་ཤིང་གང་རུང་ལ་མེ་སྦར་ལ་མཆོད་རྫས་རྣམས་ལ་དུག་ཕྱུང་ལ་མར་དོར། དུག་གི་ཕ་ནི་གནམ་ཡིན་ཏེ། །དུག་གི་མ་ནི་ས་ཡང་ཡིན། །དེ་གཉིས་རྫུ་འཕྲུལ་བསྡེབ་པ་ལ། །བུ་ནི་དུག་སྣ་འདྲེ་དགུ་བྱུང་། །ར་གན་སེར་པོ་གསེར་གྱི་དུག །ཚྭ་ལ་ཞ་ཉེ་དངུལ་གྱི་དུག །མགྲོན་ནེ་ཐང་ཞོ་དུང་གི་དུག །རེ་བ་ནག་པོ་གཞི་ཡི་དུག །རེ་ལྕག་ཐང་ཕྲོམ་སྔོ་ཡི་དུག །མཁར་སྒོང་སྲིན་ཅན་རྡོ་ཡི་དུག །རྨེ་རྨུགས་ནལ་གསུམ་མནའ་དང་འཁོན། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཛོམ་ན་དུག་ཡིན་པས། །མཆོད་རྫས་རྣམས་ལ་དུག་སོང་ན། །དེ་དག་ཐམས་ཅད་དུག་མར་ཕྱུང་། །དུག་པྲ་མ་ན་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཕྱིར་དོར། དེ་ནས་ཆབ་ཀྱིས་བྲན་པ་ནི།ཧཱུྃ༔ སྟོང་གསུམ་ཀུན་ན་དྲི་མཆོག་འབྱུང་གྱུར་པ། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡིད་བཞིན་སྤྲིན་སྤུང་མཁའ་ལས་ཆར་འབེབས་པས། །མི་གཙང་དྲི་མའི་


CMR036_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀུན་དག་གྱུར་ཅིག །ཨོཾ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། ལན་གསུམ་བྱ། ཨོཾ་སྭ་བྷཱ་ཝ༴ སྔགས་དང་ཕྱག་རྒྱ་འདི་ཡི་མཐུས། །སྣོད་བཅུད་གཉིས་འཛིན་དག་གྱུར་ཅིག །ཧཱུྃ་ལས་རིན་ཆེན་ལས་གྲུབ་པའི། །སྣོད་མཆོག་ཡངས་ཤིང་རྒྱ་ཆེ་བར། །བསང་རྫས་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་སྤྲིན་། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་པ། །རོ་མངར་རེག་འཇམ་དཔག་མེད་དང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །དར་ཟབ་བལ་ཚོན་གཡག་ལུག་ར། །ཇ་ཆང་འོ་ཞོ་དཀར་དམར་ཕུད། །རིན་ཆེན་མདའ་དར་ཞི་མར་སོགས། །ས་དང་བར་སྣང་གང་བར་གྱུར། །ཞི་བ་བྱེད་ན། བྷཾ་ལས་དངུལ་གྱི་སྣོད་མཆོག་རྒྱ་ཆེ་བ། །ཀ་ར་བུ་རམ་སྦྲང་རྩི་འོ་ཞོ་མར། །རིན་ཆེན་སྣ་ལྔ་དར་ཟབ་སྟག་གཟིག་རས། །བཟང་དྲུག་ཀླུ་སྨན་རྣམ་པ་སྣ་ཚོགས་པ། །ཞིབ་མར་སྤོས་སྤྲིན་ནམ་མཁའི་ཁམས་ཁྱབ་པ། །དྲི་ཚོར་ཙམ་གྱིས་ནད་དང་སྡུག་བསྔལ་ཀུན། །མ་ལུས་དག་པར་བྱེད་པ་ཉིད་དུ་གྱུར། །སྣང་སྲིད་ཞི་བའི་བགེགས་བསྲེགས་ཞེས་བྱ་བའོ། །དེ་ནས་སྐད་ཅིག་གིས་བདག་ཉིད་དཔལ་རྟ་མགྲིན་དུ་གསལ་བཏབ་ལ། ཡུངས་ཀར་ལག་


CMR036_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཐོགས་ལ་བགེགས་བསྲེགས་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་གྲི་གུག་ཐོད་ཁྲག་བསྣམས་པ། དུར་ཁྲོད་ཆས་ཐམས་ཅད་ཀྱིས་སྤྲས་ཤིང་། ཞབས་གཉིས་འདོར་ཐབས་སུ་བསྒྲད་པ། ཡེ་ཤེས་ཀྱི་མེ་འོད་འཁྲིགས་པའི་དབུས་ན་བཞུགས་པར་བསམ།་ཨོ། སེམས་ཅན་ཉོན་མོངས་སྒྲིབ་སྦྱང་ཕྱིར། །བསྟན་པ་གསུམ་རྗེས་བཞག་པ་ཡི། །མངའ་དབུས་ཞལ་བསྔོ་སྤྱན་དྲངས་ནས། །ཕོ་བྲང་དཀྱིལ་འཁོར་བཞེངས་པ་འདིར། །བར་ཆད་བྱེད་པའི་བགེགས་རིགས་རྣམས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཁྲོ་ཆེན་རྟ་མགྲིན་ཞལ་ནང་དུ། །ཕྱེ་བས་ཞིབ་པར་བྱས་ནས་བསྟབས། །གདུག་པའི་གཅན་གཟན་རྣམས་ཀྱི་ཁར། །ཆུ་བས་སླ་བར་བྱས་ནས་བཏུན།་་བླུད། །ཡུངས་ཀར་ཁྲོ་བོའི་ཕྱག་མདའ་འདི། །སྐྱེས་ནི་རི་རབ་རྩེ་ལ་སྐྱེས། །བསྐྱེད་ནི་རྒྱ་མཚོའི་ཀླུ་བརླན་གྱིས་བསྐྱེད། །གསེར་འོད་འབར་ལ་གཡུ་འོད་འཕྲོ། །དྲག་རྩལ་ཅན་གྱི་ཕྱག་ཏུ་ཕུལ། །ལོག་པར་བྱེད་པའི་བགེགས་རྣམས་ཀུན། །བྱ་སྒྲོ་མེ་ལ་བསྲེགས་པ་བཞིན།


CMR036_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་ར་རཀྵས་གཞོབ་ཏུ་ཐོངས། །ཨོཾ་སུཾ་བྷ་ནི་སོགས། བརྗོད་པས་ཆབ་གཏོར། དེ་ནས་བསང་མེ་སྦར་ལ། རང་གི་ལག་པ་གཡོན་པས་མེ་བླངས་ལ་ཁམ་ཕོར་ཕྱི་ནང་ནས་བདུག་ལ་ཕུལ། རང་གི་ལག་པ་གཡས་པས་བསང་ཤིང་བླངས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ལན་གསུམ་བརྗོད། འདི་རིག་པ་མཆོག་གི་རྒྱུད་ལས་གསུངས་པས་གལ་ཆེ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་བསང་ཁང་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་དབུས་སུ་པད་ཟླའི་སྟེང་དུ་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་སྤྱན་གསུམ་དྲང་སྲོང་གི་ཆ་བྱད་ཅན།ཕྱག་གཉིས་ཕྲེང་བ་དང་རིལ་བ་བསྣམས་ཤིང་ར་སྐྱེས་ལ་ཞོན་པའི་ཐུགས་ཀའི་རཾ་ལས་འོད་འཕྲོས། ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་མཉེས་པར་མཛོད། །ཨོཾ་ཨག་ནེ་དེ་ཝ་ཛཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཾ། ཨནྡྷཾ་སོགས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིས་དབང་བསྐུར་བས། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་


CMR036_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷ་ཁྱེད་ཉིད་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་པར་ལ། བསང་རྫས་འདི་རྣམས་བསང་མགྲོན་གྱི་ཞལ་དུ་སྟོབ་པའི་ཕྲིན་ལས་མཛོད། ཅེས་པ་དང་། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བསང་ཁང་དབུས་སུ་ཧཱུྃ་ལས་དུ་བའི་ལྷ་མོ་སྐུ་མདོག་སྔོན་མོ། མཛེས་སྡུག་མཚུངས་པ་མེད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ཁྲུས་ཀྱི་བུམ་པས་ལྷ་སྲུང་རྣམས་ཉམས་གྲིབ་བཀྲུ་ཞིང་། གཡོན་སྨན་གྱི་གཞོང་པ་ནས་དྲི་བཟང་གི་དུད་སྤྲིན་སངས་རྒྱས་ཀྱི་ཞིང་གང་གཱའི་རླུང་གི་བྱེ་མ་སྙེད་ཐམས་ཅད་ཁྱབ་པ། དུ་བའི་རྩེ་མོ་ལ་སྤོས་གྱི་འཁྲི་ཤིང་དང་མཆོད་པའི་ལྷ་མོ་བཅུ་དྲུག་དཔག་ཏུ་མེད་པ། ཆར་ལྟར་འབེབས་པས་ལྷ་དང་སྲུང་མར་དགྱེས་པ་བསྐྱེད་ཅིང་། དུ་བའི་དྲི་ཚོར་བར་ཙམ་གྱིས་ཟག་མེད་བདེ་བས་ལུས་དང་སེམས་གང་བར་བྱེད་པའི་རང་བཞིན་དུ་གྱུར། ཨོཾ་ཨཱབཛྲ་དྷུ་པེ་པུལླེ་པཱཙྪ་མེ་ག་ས་མུ་ཏྲ་སླ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། དེ་ནས་ཞི་བའི་བསང་གཞུང་རྫོགས་སོ། །ཞེས་ཤཱཀྱའི་དགེ་སློང་རཱ་ག་ཨ་སྱས་རྗེས་འཇུག་རྣམས་ལ་ཕན་ཕྱིར་བྲིས་པ་མངྒ་ལཾ།། །།


previousཞི་བའི་ཆོ་ག་གབ་འཁྲུགས་འདོད་དགུའི་དཔལ་གཏེར།next