Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།next

རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།


CMR036_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་བཞུགས་སོ།


CMR036_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝ་ཀཱ་ར་ཡེ། བསང་གི་ཆོ་ག་ཉུང་བསྡུས་འདིར་དགོད་བྱ། །རྒྱས་པར་འཛམ་གླིང་སྤྱི་བསང་བྱེད་པའི་དུས། །ཁ་འཛིན་གོང་དུ་འདི་ཉིད་འདོན་པར་བྱ།བསྡུས་པ་འདི་ཉིད་རྐྱང་པས་ཐམས་ཅད་ཚང་། །རྒྱུན་བསང་འདོད་ན་ཕྱེ་མར་འབྲུ་སྣ་སོགས། །ཇ་ཁུག་ནང་དུ་བསྡུས་ལ་ཚག་བྱས་ནས། །རྒྱུན་དུའམ་ནི་ཡང་ན་ནམ་འདོད་དུ། །ཤུག་ཕྱེའི་དུད་པ་བཏང་བྱས་ལ། །འོ་ཕུད་ཇ་ཕུད་གང་འཛོམ་བྲན་ལ་འདོན། །ཐབ་བསང་བྱེད་ན་ཐབ་ཀའི་ནང་དུའམ། །ཐབ་ཀའི་གོང་དུ་དུད་པ་བྱས་ལ་འདོན། །གྱེར་སྒོམ་སྦྲག་སྟེ་དམིགས་པ་གསལ་བར་བྱ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བ་མ་ལུས་སངས་རྒྱས་ཐོབ་པའི་ཕྱིར། །བདག་གིས་བསང་དང་མཆོད་པ་


CMR036_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བར་བྱ། །ཆོས་ཀུན་ཡེ་ནས་རྣམ་དག་ཆོས་ཀྱི་སྐུ། །སྟོང་པའི་རང་མདངས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཞལ་གཅིག་སྤྱན་གསུམ་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་པ་བགེགས་ལ་གཟིར། །ཕོད་ཁ་ཆོས་གོས་མི་མགོའི་ཕྲེང་བས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་སྟག་མོའི་སྟེང་ན་འགྱིང་། །ཡེ་ནས་དམ་ཡེ་དབྱེར་མེད་གཟི་བརྗིད་འབར། །ཐུགས་ཀར་ཉི་སྟེང་ཧཱུྃ་དམར་མེ་དཔུང་འབར། །ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །བསང་མགྲོན་ཐམས་ཅད་ནམ་མཁར་སྤྱན་དྲངས་


CMR036_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཧྲཱིཿ གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན།ཐུགས་རྗེའི་ཐུགས་དམ་དབང་གིས་གནས་འདིར་གཤེགས། །ནམ་མཁའ་བར་སྣང་ས་གཞི་སོ་སོ་ལ། །ཡིད་སྤྲུལ་འོས་ཤིང་འཚམ་པའི་གདན་ལ་བཞུགས། །བདག་དང་ཡོན་བདག་གུས་པས་ཕྱག་འཚལ་ལོ། །རང་གི་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །བསང་རྫས་མཆོད་རྫས་མི་གཙང་དྲི་མ་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་གྱུར། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད། །སོ་སོའི་ཡོན་ཏན་རྣམས་ལ་གུས་པས་བསྟོད། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །སྔོན་ཚེ་འདས་དུས་བསྐལ་པ་ལ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཉིད། །རྒྱལ་པོ་ཆོས་ཀྱི་དབང་ཕྱུག་གྱུར། །དེ་ཡིས་སངས་རྒྱས་མཆོད་པའི་ཕྱིར། །དྲི་བཟང་སྤོས་ཀྱི་བསང་མཆོད་བརྩམས། །སྤོས་ཀྱི་རིལ་བུ་གཅིག་བསྲེགས་ནས། །སིལ་སྙན་དཀྲོལ་ཞིང་བསང་མཆོད་མཛད། །སྤོས་ཀྱི་ན་བུན་ཆེན་པོ་ཡིས། །ཞག་བདུན་བར་དུ་འཛམ་གླིང་ཁྱབ། །རྒྱལ་པོ་བསོད་ནམས་ཚོགས་


CMR036_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྫོགས། །བྱང་ཆུབ་མཆོག་གི་ལུང་བསྟན་ཐོབ། །དེ་ནས་བསང་བྱུང་གང་ནས་བྱུང་། །ཤཱཀ་ཐུབ་བསྟན་པའི་ཐོག་མ་ལ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྤྱི་བསང་བསྡུས་པ་བརྩམས། །རྡོ་རྗེ་གདན་གྱི་གནས་མཆོག་ཏུ། །རྡོ་ལས་གྲུབ་པའི་གཙུག་ལག་བཞེངས། །ལྷ་ཁང་བརྒྱ་དང་རྩ་བརྒྱད་འགྲུབ།དེ་ནས་བསང་བྱུང་གང་ནས་བྱུང་། །ཤཱཀ་ཐུབ་བསྟན་པའི་དབུས་མ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཞི་བརྔན་བསང་གསུམ་ཆོ་ག་བརྩམས། །བོད་ཀྱི་ལྷ་འདྲེ་དམ་ལ་ཐོགས། །དཔལ་གྱི་བསམ་ཡས་ལ་སོགས་པའི།།གཙུག་ལག་ཁང་ཆེན་བརྒྱ་རྩ་འགྲུབ། །ཕྲན་བུ་སྟོང་དང་རྩ་གཉིས་འགྲུབ། །དེ་ནས་བསང་བྱུང་གང་ནས་བྱུང་། སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །འཛམ་གླིང་སྤྱི་བསང་རྒྱས་པ་བརྩམས། །དགེ་བསྙེན་རྡོ་རྗེ་རྒྱལ་པོ་སོགས། །བོད་ཀྱི་ལྷ་འདྲེ་ཆེ་དགུ་འདུས། །ཡ་མཚན་རྟགས་དང་ཆོ་འཕྲུལ་བསྟན། །སོག་གི་ཆུ་ལ་ལྕགས་ཟམ་ཚུགས། །སྔོན་དུས་སྲིད་པ་དེ་བཞིན་དུ། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །དྲི་བཟང་ཤིང་རྩི་སྣ་ཚོགས་དང་། །ཕྱེ་མར་འབྲུ་


CMR036_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཟས་ཕུད་བསྲེགས། །དྷཾ་ལས་ལྷ་མོ་བདུག་སྤོས་མ། །སྐུ་མདོག་སྔོན་མོ་ལང་ཚོ་རྒྱས། །ཕྱག་གཡས་ཁྲུས་བུམ་ཉམས་གྲིབ་བཀྲུ། །ཕྱག་གཡོན་སྨན་གྱི་གཞོང་པ་ནས།སྨན་གྱི་དུད་སྤྲིན་སྟོང་གསུམ་ཁྱབ། །དུད་པའི་ཆ་ཤས་རེ་རེ་ལས། །བཀྲ་ཤིས་རྫ་ས་རྟགས་རིན་ཆེན་བདུན། །འདོད་ཡོན་སྣ་ཚོགས་ཆར་དུ་འབེབས། །འདི་འདྲའི་ཡ་མཚན་བསང་མཆོད་འདི། །བཛྲ་དྷུ་པེས་བྱིན་གྱིས་རློབས། །ལྷ་དང་སྲུང་མ་ཐམས་ཅད་བསང་། ཀྱཻ། འཁོར་འདས་ཀུན་ལ་ཁྱབ་པའི་ལྷ། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་བསང་། །སངས་རྒྱས་ཀུན་གྱི་སྤྱི་མེས་ལྷ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་བསང་། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲུག་པ་རྡོ་རྗེ་འཆང་ཆེན་བསང་། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །ལོངས་སྐུ་རྒྱལ་བ་རིགས་ལྔ་བསང་། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །སྤྲུལ་སྐུ་སངས་རྒྱས་སྟོང་རྩ་བསང་། །གྲུ་འཛིན་བྱེ་བ་ཕྲག་བརྒྱ་ན།སྤྱན་རེས་གཟིགས་དབང་དེ་ཉིད་བསང་། །རི་བོ་རྩེ་ལྔ་བྱེ་བ་བརྒྱར། །འཇམ་དབྱངས་བྱེ་བ་ཕྲག་བརྒྱ་བསང་། །ལྕང་ལོ་ཅན་གནས་བྱེ་བ་བརྒྱར། །ཕྱག་རྡོར་བྱེ་བ་ཕྲག་བརྒྱ་


CMR036_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །ཟངས་མདོག་དཔལ་རི་བྱེ་བ་བརྒྱར། །པད་འབྱུང་བྱེ་བ་ཕྲག་བརྒྱ་བསང་། །ཨོ་རྒྱན་གནས་མཆོག་བྱེ་བ་བརྒྱར། །ཕག་མོ་བྱེ་བ་ཕྲག་བརྒྱ་བསང་། །སྨན་ལྷ་ཚེ་དཔག་མི་འཁྲུགས་པ། །སངས་རྒྱས་སྤྲུལ་སྐུ་ཐམས་ཅད་བསང་། །སྒྲོལ་མ་འོད་ཟེར་ཅན་མ་སོགས། །འཇིགས་སྐྱོབ་འཕགས་མ་ཐམས་ཅད་བསང་།གསར་རྙིང་མདོ་སྔགས་ལ་སོགས་པའི། །བརྒྱུད་པའི་བླ་མ་ཐམས་ཅད་བསང་། །བདེ་དགྱེས་གསང་གསུམ་དུས་འཁོར་སོགས། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བསང་། །བཀའ་དགོངས་ཕུར་གསུམ་ཞི་ཁྲོ་སོགས། །ཐེག་པ་དགུ་ཡི་ལྷ་ཚོགས་བསང་། །ས་སྙིང་བྱམས་པ་ལ་སོགས་པའི། །ཉེ་གནས་བྱང་སེམས་ཐམས་ཅད་བསང་། །གནས་བརྟན་བཅུ་དྲུག་དགྲ་བཅོམ་སོགས། །འཕགས་པ་ཉན་རང་ཐམས་ཅད་བསང་། །བེར་གུར་ཕྱག་བཞི་ཕྱག་དྲུག་སོགས། །ཕོ་རྒྱུད་མགོན་པོ་ཐམས་ཅད་བསང་། །དུད་སོལ་རེ་ཏི་སྔགས་སྲུང་སོགས། །མོ་རྒྱུད་ལྷ་མོ་ཐམས་ཅད་བསང་། །མ་ནིང་སྟག་ཞོན་སྲིན་མགོན་སོགས། །དཔལ་མགོན་དྲག་པོ་ཐམས་ཅད་བསང་། །ཛཾ་ལྷ་རིགས་ལྔ་ནོར་རྒྱུན་སོགས། །


CMR036_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷ་གཏེར་བདག་ཐམས་ཅད་བསང་། །རྣམ་སྲས་ཚོགས་བདག་རེ་མན། །གནོད་སྦྱིན་དབང་པོ་ཐམས་ཅད་བསང་། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །འཇིག་རྟེན་ཁམས་ཀྱི་སྲུང་མ་བསང་། །གནས་མཆོག་ཉི་ཤུ་རྩ་བཞི་ཡི། །མཁའ་འགྲོ་ཞིང་སྐྱོང་ཐམས་ཅད་བསང་། །བདུད་མགོན་སེང་གདོང་ཡབ་ཡུམ་སོགས། །གནས་ཆེན་ཀུན་གྱི་སྲུང་མ་བསང་། །དུར་ཁྲོད་བདག་པོ་ཡབ་ཡུམ་དང་། །ངེ་ནེ་མ་སོགས་དཀོར་སྲུང་བསང་། །དམ་ཅན་མགར་བ་དམར་ནག་སོགས། །དྲེགས་པའི་བཀའ་སྲུང་ཐམས་ཅད་བསང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །མྱུར་མགྱོགས་དྲེགས་པ་ཉི་ཤུ་དང་། །གཏེར་སྲུང་དམ་ལྡན་ཐམས་ཅད་བསང་། །ཏི་སེ་ལྷ་བཙན་དཀར་པོ་སོགས། །མངའ་རིས་སྐོར་གསུམ་གཞི་བདག་བསང་། །གཉན་ཆེན་ཐང་ལྷ་ཡར་བཞུད་སོགས། །དབུས་གཙང་རུ་བཞིའི་གཞི་བདག་བསང་། །ཤར་གྱི་རྨ་གཉན་སྤོམ་ར་སོགས། །མདོ་ཁམས་སྒང་དྲུག་གཞི་བདག་བསང་། །ཡར་ལྷ་ཤམ་པོ་ལ་སོགས་པའི། །རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་། །ཀོང་


CMR036_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་དེ་མོ་ལ་སོགས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་བསང་། །བཀྲ་ཤིས་ཚེ་རིང་མཆེད་ལྔ་སོགས། །སྒྲུབ་བརྒྱུད་སྲུང་མ་ཐམས་ཅད་བསང་། །རྡོ་རྗེ་གཡུ་སྒྲོན་མཆེད་ལྔ་སོགས། །བཀའ་སྲུང་ལྷ་སྨན་ཐམས་ཅད་བསང་། །དགེ་བསྙེན་མཁའ་རི་ལ་སོགས་པའི། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསང་། །ཇོ་བོ་སྤྲུག་བཙན་ལ་སོགས་པའི། །གདོང་རིགས་ཕོ་ལྷ་ཐམས་ཅད་བསང་། །དམག་དཔོན་དབྱི་རྒྱལ་ལ་སོགས་པའི།།ཕྱོགས་བཞི་གཉན་ཆེན་སྡེ་བཞི་བསང་། །ལོ་ཟླ་ཞག་དུས་སྤར་སྨེ་སོགས། །འབྱུང་བའི་ལྷ་ཚོགས་ཐམས་ཅད་བསང་། །ལྟོ་འཕྱེ་ལྷ་མོ་བརྟན་མ་སོགས། །ས་བདག་གཉན་པོ་ཐམས་ཅད་བསང་། །རོལ་པ་སྐྱ་བདུན་ལ་སོགས་པའི། །བཙན་རྒོད་དྲག་པོ་ཐམས་ཅད་བསང་། །སྔགས་བདག་སྨྱོ་ཁ་མཁར་ནག་སོགས། །ཀླུ་བདུད་ཀླུ་བཙན་ཐམས་ཅད་བསང་། །མདོ་ཁམས་སྒང་ལ་དབང་མཛད་པའི། །ཟངས་རི་འབར་བ་རྩེ་དགུ་བསང་། །ངོམ་ཡུལ་ཀུན་ལ་མངའ་མཛད་པའི། །སྐྱེས་བུ་་་་འདི་ལྡེབ་གཅིག་ཆད་འདུག །ནོར་ལྷ་རྣམས་ཀྱིས་ནོར་གཡང་ཕོབ། །གཞི་བདག་རྣམས་ཀྱིས་སྡོང་


CMR036_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མཛོད། །གྲིབ་དང་མི་གཙང་སངས་གྱུར་ཅིག །ཕོག་ཐུག་འགྲམ་འཁྲུགས་བྱང་གྱུར་ཅིག །ནད་གདོན་བར་ཆད་ཞི་བར་མཛོད། །འཐབ་རྩོད་འཁྲུག་ལོང་ཞི་བར། མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །ཀག་ངན་མུ་གེ་ཞི་བར་མཛོད། །གོད་ཁ་གྱོད་གྱུར་ཞི་བར་མཛོད། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །ལོ་ལེགས་ནོར་ཕྱུགས་འཕེལ་བར་མཛོད། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ།། ༈་རྩ་བརྒྱུད་བླ་མ་ཐམས་ཅད་ཀྱིས། །བྱིན་རླབས་འཇུག་པའི་ཁ་འཛིན་མཛོད། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས། །དངོས་གྲུབ་ཐོབ་པའི་ཁ་འཛིན་མཛོད། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །བྱང་ཆུབ་ཐོབ་པའི་ཁ་འཛིན་མཛོད། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས། །བར་ཆད་ཞི་བའི་ཁ་འཛིན་མཛོད། །ནོར་ལྷ་གཏེར་བདག་ཐམས་ཅད་ཀྱིས། །ཚེ་བསོད་རྒྱས་པའི་ཁ་འཛིན་མཛོད། །ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱིས། །ཅི་བསམ་འགྲུབ་པའི་ཁ་འཛིན་


CMR036_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཀྱེ།་འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །འཛད་མེད་ནོར་གྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་འཕེལ་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །མི་འཕེན་རྟ་ཧྲག་དར་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ།ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྒྱུད་འཛིན་རིགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕྲུ་ཧཱུྃ་གཡང་ཧཱུྃ་བདེ་ལེགས་ཧཱུྃ། །བསང་མགྲོན་ཀུན་གྱི་སྤྱན་སྔ་རུ། །དངོས་དང་ཡིད་ཀྱིས་མཆོད་པ་འབུལ། །ཉེས་པའི་ཚོགས་རྣམས་ཅི་མཆིས་བཤགས། །སྤྱན་དྲངས་པ་ཡི་བསང་མགྲོན་རྣམས། །སོ་སོ་རང་རང་གནས་སུ་གཤེགས། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བསང་མཆོད་ཕུལ་བའི་དགེ་བ་འདིས། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །ཚེ་འདིར་ཚེ་རིང་ནད་མེད་ཅིང་། །བསོད་ནམས་མངའ་ཐང་འཕེལ་ཞིང་རྒྱསོ། །ནམ་ཞིག་འདི་ནས་ཚེ་འཕོས་ཚེ། །


CMR036_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་གྱི་ཞིང་ཁམས་སུ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །ཅེས་བརྗོད་སྟོང་པའི་ངང་ལ་བཞག །ཅེས་པ་འདི་ནི་ཐབ་བསང་དང་། །རྒྱུན་བསང་བྱེད་ན་ནངས་སྔ་དང་། །གསུར་ཆེན་བྱེད་ན་ནུབ་ཀྱང་རུང་། །འདི་ཉིད་ཁོ་ན་བཏོན་པས་འཐུས། །བསང་ཡིག་རྒྱས་པར་སྦྱར་འདོད་ན། །འཛམ་གླིང་སྤྱི་བསང་འཇུག་ཉིད་དུ། །འདི་ཡི་སྦྲུལ་ཤད་གཉིས་ཡོད་པས། །སྟོད་སྨད་གཉིས་དེ་རེ་རེའི་ཆོག །བར་དེ་ཚར་གྲངས་བདུན་ནམ་བཅུ་། །འདོན་ཞིང་དེ་ནས་མཇུག་དེ་འདོན། །འདི་ཉིད་ཆག་མེད་རབ་ཡིན་ཏེ། །ཡང་ན་ཡར་ངོ་ཆག་མེད་བྱ། །ཡང་ན་ནམ་འདོན་བྱེད་པ་སྟེ། །དང་པོ་སྐར་མ་བཟང་པོར་བྱ། །དེ་ནས་ནམ་འདོད་བྱེད་པས་ཆོག །འདི་བྲིས་ཉེས་པ་མཆིས་ན་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །རྒྱུན་བསང་ཉུང་བསྡུས་ཁྱེར་བདེ་འདི་ནི། །༧ དགེ་སློང་རཱ་ག་ཨ་སྱ་ཞེས་བྱའི་རྣལ་འབྱོར་པས། །ཤིང་རྟ་སྨིན་དྲུག་ཟླ་བའི་ཡར་ཚེས་དྲུག །སྔ་དྲོའི་ཐུན་ལ་རྫོགས་པར་སྦྱར་བ་ལས། །འབྲེལ་ཐོགས་སེམས་ཅན་ཐམས་ཅད་ཀུན། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག །སྐྱེས་ནས་གཞན་དོན་དཔག་མེད་མཛད་པར་ཤོག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།next