བརྔན་ཆུང་རིན་ཆེན་ཕྲེང་བ།
བརྔན་ཆུང་རིན་ཆེན་ཕྲེང་བ་ནི། ན་མོ་གུ་རུ་ཡ། བརྔན་གྱི་བཅའ་ཐབས་ནི། རི་རབ་སྟེང་དུ་དཀར་གཏོར་འདབ་བརྒྱད་ལ་འཁོར་བཤོས་བུ་ལྔ་ཡིས་བསྐོར། འབྱོར་ན་གཟུགས་འགྲོས་དགོས། མ་འབྱོར་ན་ཤེལ་ཚིགས་མཆོད་ལ། བསྐྱེད་ཆོག་བྱིན་རླབས་སྔོན་ལ་སོང་བས་མཐུས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པའི་བརྔན་གཏོར་ལོངས་སྤྱོད་ཆར་འབེབས་གྱུར༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི༔ རྟ་བརྒྱ་ནོར་སྟོང་ལུག་ར་ཁྱི༔ མཛོ་དྲེལ་འབྲུ་སྨན་དར་ཟབ་རྩི་ཤིང་དང་༔ གཏོར་མ་འདོད་ཡོན་ལྔ་ལྡན་ཆར་འབེབས་གྱུར༔ ཧཱུྃ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སངས་རྒྱས་ཆོས་དང་དགེ་འདུན་དཔག་མེད་ལ༔ ཕྱག་འཚལ་བརྔན་གྱི་མཆོད་པ་སྣ་ཚོགས་འབུལ༔ སྣང་མཐའ་སྤྱན་གཟིགས་པདྨ་འབྱུང་གནས་དང་༔ གྲུབ་ཆེན་བརྒྱད་ཅུ་ཉེར་ལྔ་གཏེར་སྟོན་ལ༔ ཕྱག་འཚལ་བརྔན་གྱི་མཆོད་པ་སྣ་ཚོགས་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ ནོར་ལྷ་ གཏེར་བདག་སྲུང ་མ་རྒྱ་མཚོ་ལ༔ ཕྱག་འཚལ་བརྔན་གྱི་མཆོད་པ་སྣ་ཚོགས་འབུལ༔ མགོན་པོ་ཕོ་རྒྱུད་ཆོས་སྐྱོང་རྒྱ་མཚོ་དང་༔ ལྷ་མོ་མོ་རྒྱུད་ཆོས་སྐྱོང་རྒྱ་མཚོ་ལ༔ ཕྱག་འཚལ་བརྔན་གྱི་མཆོད་པ་
སྣ་ཚོགས་འབུལ༔ བརྟན་མ་བཅུ་གཉིས་ཡ་མ་སྐྱོང་མ་དང་༔ དཔལ་མགོན་བདུན་ཅུ་དྲེགས་པ་ཐམས་ཅད་ལ༔ ཞི་དང་བརྔན་གྱི་མཆོད་པ་སྣ་ཚོགས་འབུལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་བསྒྲུབ་ཏུ་གསོལ༔ ཀྱཻ༔ རི་རབ་རི་བདུན་རོལ་པའི་མཚོ་བདུན་དང་༔ གླིང་བཞི་གླིང་ཕྲན་དག་ལ་གནས་པ་དང་༔ ས་བདག་ཀླུ་གཉན་གཞི་བདག་ཟོ་དོར་བརྔན༔ རྒྱ་གར་རྒྱ་ནག་ལི་ཡུལ་བོད་ཡུལ་དང་༔ མདོ་ཁམས་སྒང་དྲུག་དབུས་གཙང་རུ་བཞིའི་བདག༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ མངའ་རིས་སྐོར་གསུམ་ཏི་སེ་ཙ་རི་དང་༔ སྦས་གནས་བཞི་དང་གཏེར་གནས་ཐམས་ཅད་ལ༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ ལྷ་ས་བསམ་ཡས་ཁྲ་འབྲུག་ཟངས་རི་དང་༔ གནས་ཆེན་བརྒྱ་དང་གནས་ཕྲན་ཐམས་ཅད་ཀྱི༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ ཐང་ལྷ་འོད་དེ་ཡར་ལྷ་སྐུ་ལྷ་དང་༔ མཁའ་རི་ལ་ཕྱི་དྭགས་ལ་སྒམ་པོ་ཡི༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ རྨ་རྒྱལ་གཟེ་རྒྱལ་གཏམ་རྒྱལ་ཛོ་རྒྱལ་དང་༔ རྒྱལ་ཆེན་བརྒྱ་དང་རྩ་བརྒྱད་ལ་གནས་པའི༔ ས་བདག་ཀླུ་གཉན་
གཞི་བདག་ཐམས་ཅད་བརྔན༔ རྩི་རྒྱལ་དཀར་རྒྱལ་རྣམ་རྒྱལ་རྫིག་རྒྱལ་དང་༔ ནོར་བུ་ལྷ་རྩེ་མེ་འབར་མཚོ་ལ་སོགས༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ ལྷ་ཀླུ་བདུད་བཙན་མ་མོ་གཤིན་རྗེ་དང་༔ གནས་དཔོན་རྒྱལ་པོ་ཤ་ཟ་སྲིན་པོའི་རིགས༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ གཟའ་ཀླུ་ཐེའུ་རང་འབྱུང་པོ་བརྟན་མ་དང་༔ དམ་སྲི་ཡུལ་འདྲེ་བགེགས་ཀྱི་རིགས་གྱུར་པའི༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ ཕ་རི་ཚུར་རི་གཡས་རི་གཡོན་རི་དང་༔ མདུན་རི་རྒྱབ་རི་མཚེར་ས་སྨྲ་ཁང་གི༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ ཆུ་ཆེན་བརྒྱ་དང་ཆུ་ཕྲན་སྟོང་རྩ་དང་རྒྱ་མཚོའི་ཆུ་མིག་རྫིང་དུ་གནས་པ་ཡི༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ གཟའ་དང་སྐར་མ་ལོ་ཟླ་ཞག་དུས་དང་༔ འབྱུང་བ་ལྔ་ལ་རྒྱུ་བའི་ལྷ་ཚོགས་དང་༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་ཨཱཿ བརྔན༔ ཁྱེད་རྣམས་བརྔན་གཏོར་འདོད་ཡོན་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི༔ མི་ནད་ཕྱུགས་ནད་ཡམས་ནད་ཞི་བ་དང་༔ ཕྲིན་ལས་རྣམ་
བཞི་མྱུར་དུ་འགྲུབ་པར་མཛོད༔ ཅེས་ཚར་གྲངས་སོང་ནས་ཕུལ་ལོ། །སྔགས་འཆང་རཱག་སྱས་མཛད་པའོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།