Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།next

རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།


CMR036_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་བཞུགས་ས།


CMR036_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་པད་འབྱུང་དཀོན་མཆོག་རྣམ་གསུམ་ལ། །བདག་སོགས་འགྲོ་རྣམས་རྟག་པར་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པའི་ཕྱིར། །བསོད་ནམས་ཚོགས་ཆེན་བསང་གི་མཆོད་པ་བྱ། །ཆོས་རྣམས་ཡེ་ནས་དམིགས་མེད་སྟོང་པ་ཉིད། །སྟོང་པའི་ངང་ལས་རང་ཉིད་པད་འབྱུང་གསལ། །རཾ་ཡཾ་ཁཾ་འཕྲོས་མི་གཙང་འབག་བཙོག་སྦྱངས། །དྷཱི༔ལས་དུད་པའི་ལྷ་མོ་སྐུ་མདོག་སྔོ། །ཕྱག་གཡས་ཁྲུས་བུམ་མི་གཙང་ཉམས་གྲིབ་བཀྲུས། །གཡོན་པས་སྨན་གཞོང་སྨན་གྱི་དུད་སྤྲིན་འཕྲོ། །དུད་པའི་འཁྲི་ཤིང་འཇིག་རྟེན་ཐམས་ཅད་ཁྱབ། །དུ་


CMR036_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟེར་མ་རེ་རེའི་གསེབ་ནས་ཀྱང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །སྣ་ཚོགས་མཆོད་པའི་ཆར་རྒྱུན་ཟད་མེད་གྱུར། །ཨོཾ་བཛྲ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཀུན་བཟང་མཆོད་པའི་སྤྲིན་ཕུང་བྱིན་གྱིས་རློབས། །རང་བཞིན་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་ཚོགས། །ཐུགས་རྗེས་ཐུགས་དམ་དབང་གིས་འདིར་གཤེགས་ལ། །ནམ་མཁའ་བར་སྣང་ས་གཞི་སོ་སོ་ལ། །དངོས་འབྱོར་ཡིད་སྤྲུལ་འཚམ་པའི་གདན་ལ་བཞུགས། །དངོས་འབྱོར་བསང་དུད་


CMR036_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྤྲུལ་མཆོད་ཚོགས་བཞེས། །སོ་སོའི་ཡོན་ཏན་གང་དང་ཅི་མཆིས་པ། །བདག་གིས་རབ་ཏུ་དད་པས་བསྟོད་པར་བགྱི། །ཤུག་པ་བལ་བུ་མཁན་དཀར་ཨ་ག་རུ། །ཀླུ་གཉན་མཉེས་བྱེད་བཟང་ཤིང་སྣ་ཚོགས་པ། །ཕྱེ་མར་དཀར་གསུམ་ཇ་ཆང་ཟས་ཕུད་བསྲེགས། །དྲི་བཟང་དུད་པ་སྤྲིན་ལྟར་གཏིབས་པར་གྱུར། ཀྱཻ། ཀུན་བཟང་རྡོར་སེམས་རྡོ་རྗེ་འཆང་ལ་སོགས། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །ཤོག་སེར་ཚིག་བརྒྱུད་སྨོན་ལམ་དབང་བསྐུར་བརྒྱུད། །གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་བསང་། །རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་བཞི།།ཁྱད་པར་དཀོན་མཆོག་སྤྱི་འདུས་གུ་རུ་རྗེ། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་གུ་རུ་རྗེ། །མེས་དབོན་རྣམ་གསུམ་རྗེ་འབངས་ཉེར་ལྔ་དང་། །གཏེར་ཆེན་གཏེར་ཕྲན་ལས་ཅན་ཆོས་བདག་བསང་། །ཏེ་ལོ་ནཱ་རོ་མར་མི་དྭགས་པོ་སོགས། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་།བཀའ་གདམས་ལམ་འབྲས་སྦྱོར་དྲུག་ཞི་བྱེད་གཅོད། །བསྙེན་སྒྲུབ་ལ་སོགས་བཤད་སྒྲུབ་སྲོལ་འཛིན་པའི། །དབང་ལུང་མན་ངག་གང་ནས་བརྒྱུད་པ་ཡི། །རྩ་བར་བརྒྱུད་པའི་


CMR036_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཐམས་ཅད་བསང་། །ཀུན་བཟང་རིགས་ལྔ་ཆེ་མཆོག་རིགས་ལྔ་སོགས། །དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་བསང་། །ཆེ་མཆོག་གཙོ་དགུ་ཡབ་ཡུམ་སྲས་དང་བཅས། །ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་འཁོར་བཅས་བསང་། །པདྨ་བཛྲ་རྡོ་རྗེ་གཞོན་ནུ་སོགས། །དགོངས་པ་འདུས་པའི་ལྷ་ཚོགས་ཐམས་ཅད་བསང་།དྲག་པོ་རིགས་ལྔ་ཁྱུང་སྡིག་ཁྲོ་བོ་བཅུ། །དབང་དྲག་པདྨའི་ལྷ་ཚོགས་ཐམས་ཅད་བསང་། །རྟ་མགྲིན་རིགས་ལྔ་མེ་དབལ་ལྕགས་རལ་ཅན། །ནཱ་ག་ཀླུ་འདུལ་ལྷ་ཚོགས་ཐམས་ཅད་བསང་། །ཁྲོ་ཆུ་དུག་གདོང་ལས་ཀྱི་གཤིན་རྗེ་དྲུག །ན་རཀ་ལ་སོགས་འཇམ་དཔལ་ལྷ་ཚོགས་བསང་། །བདེ་གསང་འཇིགས་གསུམ་དུས་འཁོར་མཱ་ཡཱ་སོགས།གསང་སྔགས་གསར་མའི་ལྷ་ཚོགས་ཐམས་ཅད་བསང་། །ཚེ་དཔག་ལྷ་དགུ་ཀུན་རིག་མི་འཁྲུགས་སོགས། །བྱ་སྤྱོད་རྣལ་འབྱོར་ལྷ་ཚོགས་ཐམས་ཅད་བསང་། །སྨན་ལྷ་མཆེད་བདུན་ཤཱཀ་ཐུབ་འོད་དཔག་མེད། །སྤྲུལ་སྐུ་མདོ་ཡི་ལྷ་ཚོགས་ཐམས་ཅད་བསང་། །ཆོས་སྐུ་ཡུམ་ཆེན་ཐེག་པ་རིམ་དགུའི་ཆོས། །རྒྱུད་ལུང་མན་ངག་སྡེ་སྣོད་ཐམས་ཅད་


CMR036_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །ཉན་ཐོས་མཆོག་བརྒྱད་གནས་བརྟན་བཅུ་དྲུག་དང་། །གཏད་རབས་བདུན་དང་རྒྱན་དྲུག་མཆོག་གཉིས་སོགས། །ཉན་རང་དགྲ་བཅོམ་ལོ་པཎ་མཁས་གྲུབ་བསང་། །འཕགས་མ་སྒྲོལ་མ་མ་གཅིག་ལབ་ཀྱི་སྒྲོན། །གདུགས་དཀར་ལོ་གྱོན་འོད་ཟེར་ཅན་མ་སོགས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་བསང་། །ཕག་ཁྲོས་སེང་གསུམ་ཀུ་རུ་ཀུལླེ་སོགས། །མ་སྲིང་མཁའ་འགྲོ་ཤུགས་འགྲོ་ཐམས་ཅད་བསང་། །ཕྱག་བཞི་ཕྱག་དྲུག་གུར་མགོན་བེར་ནག་ཅན། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་མ། །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་ཐམས་ཅད་བསང་། །ཨེ་ཀ་ཛཱ་ཊི་དུད་སོལ་ལྷ་མོ་སོགས། །མོ་རྒྱུད་ལྷ་མོའི་ལྷ་ཚོགས་ཐམས་ཅད་བསང་། །རྣམ་སྲས་ཛཾ་ལྷ་རིགས་ལྔ་ནོར་རྒྱུན་མ། །ནོར་ལྷ་གཏེར་བདག་ལྷ་ཚོགས་ཐམས་ཅད་བསང་། །ཨཅུ་རེ་མན་དང་གང་བ་བཟང་། །རྟ་ལྷ་ལུག་གི་ལྷ་རྣམས་ཐམས་ཅད་བསང་། །ཨ་པར་ཙིཏྟ་ནོར་བདག་ཡེ་ཤེས་གྲགས། །ཀུན་འཁྱིལ་མཆེད་གསུམ་ལ་སོགས་ནོར་བདག་བསང་། །དྲང་སྲོང་ཆེན་པོ་གཟའ་བདུད་རཱ་ཧུ་ལ། །གདོང་མོ་བཞི་སོགས་འཁོར་དང་བཅས་པ་


CMR036_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །ཞིང་སྐྱོང་སེང་གེའི་གདོང་ཅན་ཡབ་དང་ཡུམ། །སྡེ་བརྒྱད་དམག་ཚོགས་འཁོར་དང་བཅས་པ་བསང་། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་། །ཡབ་ཡུམ་སྲས་དང་བཀའ་སྡོད་བཅས་པ་བསང་། །དུར་ཁྲོད་བདག་པོ་བདག་མོ་ངས་ནུས་མ། །དཀོར་ནོར་སྲུང་བའི་སྲུང་མ་ཐམས་ཅད་བསང་། །རྒྱལ་བུ་མཐིང་གེའི་གདོང་ལྷ་སྨུག་པོ་སོགས། །ཕ་མཚུན་དགྲ་ལྷ་གཉན་པོ་ཐམས་ཅད་བསང་། །ཤན་པ་དམར་ནག་སྲོག་སྒྲུབ་ནག་མོ་དང་། །ཇིག་པ་མེ་ལེན་སྤུ་གྲི་མཆེད་གསུམ་སོགས། ལས་བྱེད་མྱུར་མགྱོགས་ལྡན་པ་ཐམས་ཅད་བསང་། །བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་དཔུང་གཉེན་མཛོད། །སྐྱེལ་བསུ་རོགས་དན་གྱིས་ལ་ཁ་འཛིན་མཛོད། །དགྲ་རྐུན་གཅན་གཟན་གནོད་པ་ཐམས་ཅད་ཆིངས། །བདུད་དང་ལོག་འདྲེན་ནད་རིམས་ཐམས་ཅད་ཟློག །རྟ་དྲེལ་ནོར་ཕྱུགས་རྐང་འགྲོ་ཐམས་ཅད་སྤེལ། །ཇ་དར་འབྲུ་དང་གསེར་དངུལ་རིན་ཆེན་བསྡུས། །ཚོང་དང་མགྲོན་ལ་འགྲོ་ན་ཁ་འཛིན་མཛོད། །དམག་དང་ཇག་ལ་འགྲོ་ན་དཔུང་རོགས་མཛོད། །བསྲེག་ཟོར་


CMR036_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ལས་བྱེད་ན་རྒྱབ་རྟེན་མཛོད། །ལས་དང་བྱ་བ་ཀུན་ལ་སྡོང་གྲོགས་མཛོད། །མི་རྟ་ཕྱུགས་ཀྱི་གཡང་དང་ཟས་གོས་གཡང་། །ལུག་གཡང་ནོར་གཡང་བང་མཛོད་འབྲུ་ཡི་གཡང་། །རྨ་གཡང་ས་དང་རིགས་རྒྱུད་མི་ཡི་གཡང་། །ས་གཞི་བང་མཛོད་ནོར་བུ་རིན་ཆེན་གཡང་། །ཕྱྭ་དང་གཡང་རྣམས་ཐམས་ཅད་གཡང་དུ་ལེན། །ཕྲུ་ཁུག་གཡང་ཁུག་བདེ་ལེགས་བསྐྱེད་པ་ཧཱུྃ། །ཡེ་ཤེས་ལྷ་རྣམས་ཆོས་ཀྱི་དབྱིངས་སུ་མུ། །འཇིག་རྟེན་ལྷ་རྣམས་རང་རང་གནས་སུ་གཤེགས། །བདག་ཉིད་ལྷར་གསལ་བ་ཡང་སྟོང་པ་ཉིད་། །རང་རིག་འོད་གསལ་རྗེན་པ་ཨེ་མ་ཧོ། །འཇིག་རྟེན་འཇིག་རྟེན་ལས་འདས་བཀྲ་ཤིས་པ། །བཀྲ་ཤིས་ཀུན་གྱིས་དེང་འདིར་བཀྲ་ཤིས་ཤོག །དེ་ལྟར་བསང་མཆོད་བགྱིས་པའི་དགེ་བ་ཡིས། །ཚེ་འདིའི་བསོད་ནམས་ཡར་ངོའི་ཟླ་ལྟར་འཕེལ། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད་པར་ཤོག །མངྒ་ལཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་པ་འདི་སྔགས་འཆང་རྟ་མགྲིན་དབང་གིས་བསྐུལ་ངོར། ༧ རྣལ་འབྱོར་པ་རཱ་ག་ཨ་སྱས་སྦྱར་བའོ། །ཞལ་དྲོ།། །།


previousརྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།next