Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུན་བསང་ཉུང་ངུར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུན་བསང་ཉུང་ངུར་བསྡུས་པ།next

རྒྱུན་བསང་ཉུང་ངུར་བསྡུས་པ།


CMR036_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བསང་ཉུང་ངུར་བསྡུས་པ་བཞུགས་སོ། །ན་མོ། སངས་རྒྱས་སྐུ་དངོས་པདྨ་འབྱུང་གནས་ལ། །བདག་དང་བསྲུང་བྱ་ཐམས་ཅད་སྐྱབས་འཇིག་རྟེན་བདེ་ཕྱིར་བསང་དང་མཆོད་པ་བརྩམ། །ཆོས་ཀུན་དམིགས་མེད་ཡེ་ནས་རྫོགས་པ་ཆེ། །དེ་ཡི་རང་མདངས་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་གྲོ་ལོད་སྨུག་ནག་ཞི་མ་ཁྲོ། །ཐོར་ཚུགས་སྤྱན་གསུམ་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །སྐུ་ལ་ཆོས་གོས་མི་མགོའི་ཕྲེང་བས་བརྒྱན། །སྟག་མོ་གྲུས་མའི་སྟེང་ན་འདོར་ཐབས་བསྒྲད། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །ཧཱུྃ་ལས་འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས། །བསང་མགྲོན་ཐམས་ཅད་ནམ་མཁར་སྤྱན་དྲངས་གྱུར། །ཧཱུྃ། རང་བཞིན་ཆོས་དབྱིངས་དག་པའི་ཞིང་ཁམས་ན། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས། །མཆོད་པའི་གནས་འདིར་སྐད་ཅིག་ཉིད་ལ་བྱོན། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །སོ་སོའི་ཡོན་ཏན་ཚོགས་ལ་གུས་པས་བསྟོད། །རཾ་ཡཾ་ཁཾ་


CMR036_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མི་གཙང་དྲི་མ་སྦྱངས། །བསང་རྫས་ཧྲིལས་དུད་པའི་ལྷ་མོ་སྔོ། །མཛེས་སྡུག་དར་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་ཁྲུས་བུམ་ལྷ་སྲུང་ཉམས་གྲིབ་བཀྲུ།གཡོན་པས་སྨན་གཞོང་སྤོས་དུད་སྤྲིན་ཕུང་འཕྱུར། །རབ་འབྱམས་ཞིང་ཀུན་སྤོས་ཀྱི་འཁྲི་ཤིང་འབྲེལ། །དུ་བའི་ཟེར་མ་ཆ་ཤས་རེ་རེ་ལ། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟོགས་བརྒྱད། །ཟད་མེད་ལོངས་སྤྱོད་མཁོ་དགུའི་ཆར་རྒྱུན་འབེབས། །འདི་འདྲའི་དཔག་མེད་བསང་མཆོད་དམ་པ་འབུལ། །སྣང་བ་མཐའ་ཡས་ཚེ་བདག་རིགས་ལྔ་བསང་། །ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་བསང་། །པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་བསང་། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་ལྷ་ཚོགས་བསང་། །གུ་རུ་དྲག་པོ་ཡེ་ཤེས་ཁྲོ་བཅུ་བསང་། །རྟ་ནག་ལྕགས་རལ་དྲེགས་པ་སྡེ་བརྒྱད་བསང་། །མ་ནིང་དཔལ་འབར་སྲོག་བདུད་འཁོར་བཅས་བསང་། །བྱ་རོག་མིང་ཅན་བྱ་སེང་ཡབ་ཡུམ་བསང་། །སེང་གདོང་ཡབ་ཡུམ་བམ་རོ་སྡེ་བརྒྱད་བསང་། །ཛཾ་ལྷ་ལ་སོགས་གནོད་སྦྱིན་ནོར་ལྷ་བསང་། །མ་གཟའ་དམ་གསུམ་སྤུ་གྲི་མཆེད་གསུམ་བསང་། །མཁའ་རི་ལྕམ་


CMR036_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དྲལ་དགེ་བསྙེན་སྨྱོ་ཁ་བསང་། །སྤྲུག་གི་བཙན་རྒོད་སྐྱེ་དགུ་བྲན་བཅུ་བསང་། །སྨོན་སྐྱེས་གང་ཞུར་མཆེད་གསུམ་འཁོར་བཅས་བསང་། །དམག་དཔོན་དབྱི་རྒྱལ་རིན་ཆེན་འཁོར་བཅས་བསང་། །ཇོ་བོ་ལྡང་ལྷ་རི་བཀྲ་འཁོར་བཅས་བསངས། །གཉན་པོ་ནོར་བདག་རྟ་འདྲ་འཁོར་བཅས་བསང་། །འགམ་ནག་དགེ་བསྙེན་རྟ་རྣ་འཁོར་བཅས་བསང་། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་བསང་། །ཁྱད་པར་བདག་གིས་གར་མཆོད་སྒྲུབ་པ་ཡི། །ཡུལ་ལྷ་གཞི་བདག་གཉན་པོ་ཐམས་ཅད་བསང་།གཞན་ཡང་འཇིག་རྟེན་འདས་དང་འཇིག་རྟེན་པའི། །བསང་མགྲོན་ཀུན་གྱིས་བདག་ཅག་ཡོན་མཆོད་ལ། །དུས་རྣམས་ཀུན་ཏུ་ཁ་འཛིན་སྲུང་སྐྱོབ་མཛོད། །བང་མཛོད་འབྲུ་དང་རྐང་བཞི་ཕྱུགས་ཀྱི་གཡང་། །འཆི་མེད་ཚེ་དང་རྒྱུད་འཛིན་རིགས་ཀྱི་གཡང་། །བཙན་ཕྱུགས་དར་གཡང་ཁུ་ཡེ་གཡང་དུ་ལེན། །མཆོད་པའི་ཕུད་ཉམས་ལ་སོགས་ཉེས་པ་བཤགས། །མགྲོན་རྣམས་རང་རང་གནས་སུ་བདེ་བར་གཤེགས། །ཚེ་རིང་ནད་མེད་དཔལ་འབྱོར་རྒྱས་པ་དང་། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡིས། །བཀྲ་


CMR036_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཀུན་གྱི་བཀྲ་ཤིས་དེང་འདིར་ཤོག །འདི་ལྟར་བསང་མཆོད་ཕུལ་བའི་དགེ་བ་དེས། །ཚེ་འདིར་ཚེ་རིང་ནད་མེད་མངའ་ཐང་འཕེལ། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །སྣོད་བཅུད་རང་ཐིམ་རང་ཡང་ཧཱུྃ་ལ་ཐིམ། །དེ་ཡང་མི་དམིགས་རང་སེམས་རྫོགས་པ་ཆེ། །མ་བཅོས་ཆོས་སྐུའི་ངང་དུ་རྗེན་པར་བུད། །དམིགས་པ་མེད་པའི་ངང་ལ་བཞག །དེ་སྐད་བླ་མ་མཐར་ཕྱིན་གྱིས་བསྐུར་ངོར། །ལུག་ལོ་ཟླ་བའི་ཡར་ཚེས་གསུམ་གྱིས་ནི། །སྔ་དྲོའི་ཆ་ལ་རཱ་ག་ཨ་སྱས་སྦྱར། །ཡི་གེ་པ་ཡང་ཞུ་བ་པོ་ཉིད་དོ། །ཉེས་འགལ་མཆིས་ན་སྲུང་མ་ཉིད་ལ་བཤགས། །དགེ་བས་སྐྱེ་འགྲོ་རྐང་གཉིས་མི་རྣམས་ལ། །བདེ་ལེགས་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་དམ་ཚིག་ཅན། །ཨོ་རྒྱན་རྗེས་འཇུག་སྔགས་འཆང་ཐམས་ཅད་ལ། །ཁ་འཛིན་སྡོང་གྲོགས་བྱེད་པ་ཁོ་བོས་མཐོང་། །ཡུལ་ཕྱོགས་འདི་གནས་འགྲོ་ལ་ཕན་ཐོགས་ཤོག །


previousརྒྱུན་བསང་ཉུང་ངུར་བསྡུས་པ།next