Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་ཀྱི་མགོན་པོའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཡེ་ཤེས་ཀྱི་མགོན་པོའི་བསང་མཆོད།next

དཔལ་ཡེ་ཤེས་ཀྱི་མགོན་པོའི་བསང་མཆོད།


CMR036_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོའི་བསང་མཆོད་བཞུགས་སོ།། ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ནཱ་ལེནྡྲ་ལ་སོགས་པའི་གནས་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ། སྐུ་ཡི་མགོན་*པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། བེར་ནག་ཅན་གུར་གྱི་མགོན་པོ། ཕྱག་བཞི་མགོན་པོ། ཕྱག་དྲུག་མགོན་པོ། གཙོ་འཁོར་ལ་སོགས། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ་འབུམ། གླེ་ཏྲ་པ་ནི། འཛི་ན་མི་ཏྲ། ཏྲཀི་ར་ཙ། ཏྲག་ཤད་ནག་པོ། མ་གཅིག་དཔལ་ལྡན་ལྷ་མོ། རེ་མ་ཏི་ཕྱོགས་སྐྱོང་བཅུ་གཙང་རིས་དཔལ་མགོན་བདུན་ཅུ་རྩ་གཉིས་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། བཛྲ་ས་མ་ཡ་ཛ་ཛ༔ ཀྱཻ། ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ནག་པོ་སྟོང་གིས་བསྐོར་བ་བསང་། །ལེགས་ལྡན་མགོན་པོ་ཕྱག་དྲུག་ལ། །བསྟན་སྲུང་ས་ཡས་བསྐོར་བ་བསང་། །ཡེ་ཤེས་མགོན་པོ་བེར་ནག་ལ། །ལས་མཁན་འབུམ་གྱིས་བསྐོར་བ་བསང་། །གཡས་དང་གཡོན་དང་མདུན་དང་རྒྱབ། །ཁྱུང་ཆེན་འབུམ་གྱིས་


CMR036_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་བསང་། །མི་ནག་འབུམ་གྱིས་བསྐོར་བ་བསང་། །དཔལ་ལྡན་གུར་གྱི་མགོན་པོ་ལ། །བཀའ་ཉན་ས་ཡས་བསྐོར་བ་བསང་། །ཆོས་སྐྱོང་བྱ་རོག་མགོན་པོ་ལ།ཤ་ཟ་འབུམ་གྱིས་བསྐོར་བ་བསང་། །ལྷ་ཆེན་དཔལ་འབར་ནག་པོ་ལ། །ལྷ་དམག་འབུམ་གྱིས་བསྐོར་བ་བསང་། །སྲོག་བདུད་མ་ནིང་ནག་པོ་ལ། །མགོན་པོ་སྡེ་ལྔའི་བསྐོར་བ་བསང་། །ལས་མཁན་སྲོག་བདུད་ནག་པོ་ལ། །བདུད་འདུལ་ཉི་ཁྲིའི་བསྐོར་བ་བསང་། །ཏྲག་ཤད་ཐལ་མོ་རྡེབ་ཆོག་ལ། །ལས་བྱེད་ཉི་ཁྲིས་བསྐོར་བ་བསང་། །མགོན་པོ་གནམ་ལྕགས་སྤུ་གྲི་ལ། །མ་མོ་འབུམ་གྱིས་བསྐོར་བ་བསང་། །མོན་པ་སྤུ་ཏྲ་ནག་པོ་ལ། །མོན་པ་འབུམ་གྱིས་བསྐོར་བ་བསང་། །ལས་ཀྱི་གཤིན་རྗེ་ནག་པོ་ལ།གཤིན་རྗེ་འབུམ་གྱིས་བསྐོར་བ་བསང་། །ཡེ་ཤེས་མགོན་པོ་ཚོགས་བདག་ལ། །ཕོ་རྒྱུད་མགོན་པོའི་བསྐོར་བ་བསང་། །བདུད་མགོན་སེང་གདོང་ཡབ་ཡུམ་ལ། །ཤ་ཟ་འབུམ་གྱིས་བསྐོར་བ་བསང་། །རྒྱལ་པོ་ཆེན་པོ་རྣམ་སྲས་ལ། །རྟ་བདག་བརྒྱད་ཀྱིས་བསྐོར་བ་བསང་། །ཁྲོ་མཆོག་རྟ་མགྲིན་ལ་སོགས་པའི། །བཀའ་སྲུང་ལྷ་ཚོགས་ཐམས་


CMR036_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསང་། །དུར་ཁྲོད་ཐོད་མཁར་གཞལ་ཡས་ནས། །མགོན་པོ་མ་ནིང་འཁོར་བཅས་ལ། །མགོན་ཆེན་སྡེ་ལྔས་བསྐོར་བ་བསང་། །ཐོད་མཁར་བརྩེགས་པའི་གཞལ་ཡས་ནས། །ཡུམ་མཆོག་ལྷ་མོ་འཁོར་བཅས་བསང་། །རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །ཤན་པ་སྲོག་སྒྲུབ་འཁོར་བཅས་བསང་། །དམ་ཅན་སྡེ་བདུན་འཁོར་བཅས་བསང་། །ཆོས་སྐྱོང་སྲུང་མ་འཁོར་བཅས་བསང་། །ལྷ་དམག་བྱེ་བ་འབུམ་སྡེ་བསང་། །མ་མོ་བྱེ་བ་འབུམ་སྡེ་བསང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་། །ཅེས་པ་ཨ་རཱ་གས་སྦྱར་བའོ།།


previousདཔལ་ཡེ་ཤེས་ཀྱི་མགོན་པོའི་བསང་མཆོད།next