Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོ་དུད་སོལ་མ་ཡི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོ་དུད་སོལ་མ་ཡི་བསང་།next

ལྷ་མོ་དུད་སོལ་མ་ཡི་བསང་།


CMR036_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དུད་སོལ་མ་ཡི་བསང་བཞུགས་སོ།། བྷྱོ༔ བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས། །མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ། །ཕྲིན་ལས་བཞི་སྒྲུབ་དཀར་སེར་དམར་ལྗང་མདོག །ནག་མོ་འབུམ་སྡེའི་ཚོགས་རྣམས་གཤེགས་སུ་གསོལ། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །བསང་མཆོད་དམ་པ་འབུལ་གྱིས་བཞེས་སུ་གསོལ། །སྐུ་གསུང་ཐུགས་ལྡན་མཁའ་འགྲོའི་ཚོགས་ལ་བསྟོད། །བྷྱོ༔ མི་མངོན་དབྱིངས་བཞུགས་ལྷ་མོ་དུད་སོལ་མ། །ཁྱོད་ལ་བསང་མཆོད་དམ་པ་འབུལ་བ་ནི། །དཀར་གསུམ་མངར་གསུམ་ཕྱེ་མར་ཟས་ཕུད་དང་། །བདུད་རྩི་ཤིང་མཆོག་རྩི་མར་གསུར་མཆོད་དང་། །འབྲུ་སྣ་དར་ཟབ་རིན་ཆེན་སྣ་བདུན་དང་། །བྱ་ནག་མཁའ་ལྡིང་དབྱི་དཀར་གསེར་མིག་སོགས། །མི་དབང་མི་ཚིམ་ལྕོགས་ཞུན་གཡབ་དར་གྱིས། །མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་བསང་། །བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་ལ། །ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་སྤྲུལ་མ་མོ་མཆེད་གསུམ་བསང་། །གཞི་


CMR036_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བྱེས་ལམ་གསུམ་ཀུན་ཏུ་དགེ་ལེགས་སྩོལ། །ཕྱོགས་བཞི་སྐྱོང་མཛད་རིགས་བཞིའི་མཁའ་འགྲོ་བསང་། །ཆོས་མཛད་བུ་བཞིན་སྐྱོང་བའི་ཕྲིན་ལས་མཛོད། །དུར་ཁྲོད་སྐྱོང་བའི་བརྙན་མཆེད་བརྒྱད་བསང་། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཕྱོགས་བཞིའི་ལས་སྒྲུབ་ལྷ་མོ་དྲེལ་ཞོན་མ། །སྐུ་སྤྲུལ་དཀར་མོ་འབུམ་སྡེ་འཁོར་བཅས་བསང་། །ཞི་བའི་ཕྲིན་ལས་འགྲུབ་པའི་ལས་མཛོད་ཅིག །རྒྱས་པའི་ལས་སྒྲུབ་སེར་མོ་འབུམ་སྡེ་བསང་། །ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །དབང་སྨྱོགི་ལས་སྒྲུབ་དམར་མོ་འབུམ་སྡེ་བསང་། །སྣང་སྲིད་ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །དྲག་པོའི་ལས་སྒྲུབ་ལྗང་ནག་འབུམ་སྡེ་བསང་། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །འགུགས་འདྲེན་སྡོམས་འཆིང་ཕྱོགས་བཞིའི་སྒོ་མ་བསང་། །རྣལ་འབྱོར་བདག་གི་ཁ་འཛིན་རྒྱབ་རྟེན་མཛོད། །བྷྱོ༔ མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ། །སྲིད་པའི་མ་མོ་བྱེ་བ་འབུམ་སྡེའི་ཚོགས། །ཁྱོད་ལ་གསོལ་མཆོད་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །བཤད་སྒྲུབ་


CMR036_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་ལ། །ཉིན་གསུམ་བྱ་ར་མཛོད་གཅིག་དུད་སོལ་མ། །མཚན་གསུམ་མེལ་ཚེ་མཛོད་གཅིག་དུད་སོལ་མ། །ནད་གདོན་དལ་ཡམས་ཟློག་ཅིག་དུད་སོལ་མ། །ལུས་དང་གྲིབ་བཞིན་འགྲོགས་ཤིག་དུད་སོལ་མ། །རྒྱབ་རྟེན་དཔུང་རོགས་མཛོད་ཅིག་དུད་སོལ་མ། །གནོད་བྱེད་དགྲ་བགེགས་སྒྲོལ་ཅིག་དུད་སོལ་མ། །དགྲ་ཇག་ཆོམ་རྐུན་འཆིང་བའི་ཕྲིན་ལས་མཛོད། །དགྲ་བོའི་བདུན་རྒྱུད་རྩད་ནས་ད་ཆོད་ལ། །བཅོལ་བའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །ཅེས་པ་སྒེས་སྣ་བླ་མས་བསྐུལ་ནས་ཨ་རཱ་གས་བྲིས་པའོ།། །།


previousལྷ་མོ་དུད་སོལ་མ་ཡི་བསང་།next