Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངའ་གསོལ་ཐུགས་རྗེའི་ལྕགས་ཀྱུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམངའ་གསོལ་ཐུགས་རྗེའི་ལྕགས་ཀྱུ།next

མངའ་གསོལ་ཐུགས་རྗེའི་ལྕགས་ཀྱུ།


CMR036_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR036_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བསང་གི་ཞོར་ལ་མངའ་གསོལ་བྱེད་འདོད་ན། །བདག་གི་བདག་མདུན་གཉིས་པོ་ཚར་བའི་རྗེས། །གཞུང་འདོན་པའི་གོང་དེ་རུ་གཏོར་ཆུང་ཡོད་ན་གོང་གི་གཏོར་བསྔོས་བྱ། མེད་ན་ཕྱེ་མར་ལ་སོགས་མཆོད་བྱས་ལ།། ཧཱུྃ་བྷྱོ༔ རི་རབ་རྩེ་མོ་སུམ་རྩེན་ལྷ་ཡི་ཡུལ། །ཡོངས་འདུས་ཤིང་དྲུང་མུ་ལེ་མཐིང་གི་མཚོ། །རིན་ཆེན་ལྔ་ལྡན་ཐོད་པའི་སྐུ་མཁར་ནས། །མ་གཅིག་ལྷ་མོ་དཔོན་གཡོག་འཁོར་དང་བཅས། །འདིར་གཤེགས་མངའ་གསོལ་བསང་དང་མཆོད་པ་བཞེས། །ཕྱི་ལྟར་གང་གཱའི་ལྷ་མོ་དབྱངས་ཅན་མ། །ནང་ལྟར་རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ། །གསང་བ་དཔལ་ལྡན་ལྷ་མོ་དུད་སོལ་


CMR036_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ཡང་གསང་ཆོས་སྐུ་སྐྱེ་མེད་འཕགས་བཞིའི་ཡུམ། །ཚེ་རབས་གཏན་གྱི་བསྐྱབ་ཏུ་མངའ་གསོལ་ལོ། །ངན་སོང་འཁོར་བའི་འཇིགས་ལས་སྐྱོབ་པར་མཛོད། །དགྱེས་པ་རྡོ་རྗེའི་རིགས་མཆོག་བདག་མེད་མ། །རྟ་མགྲིན་ཡུམ་ཆེན་པདྨ་གཟི་ལྡན་མ། །གཤིན་རྗེ་གཤེད་པོའི་ཡུམ་ཆེན་རོ་ལངས་མ། །རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ་མོ་སྟེ། །བདག་གི་ཡི་དམ་མཆོག་ཏུ་མངའ་གསོལ་ལོ། །ཁྱོད་ཀྱིས་བིརླ་པ་ལ་དབང་བསྐུར་བས། །ས་དྲུག་ནོན་ནས་ཉི་མ་བརྟོད་ལ་མནན། །དེ་བཞིན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །སྤྱན་


CMR036_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཀྱི་ཚེམས་ཀྱི་རྩེ་ནས་སྤྲུལ། །ཕྱག་ན་རྡོ་རྗེའི་སྤྱན་གྱི་དབུས་ནས་སྤྲུལ། །དགྱེས་པ་རྡོ་རྗེའི་ཕྱོགས་བཞིའི་སྒོ་བཞི་སྲུང་། །རང་བྱུང་མཆོད་རྟེན་བརྒྱད་ཀྱིས་སྲུང་མ་མཛད་། །ས་བརྒྱད་ལ་གནས་སེམས་དཔའ་ཐུགས་རྗེ་ཅན། །བདག་གི་ལམ་སྣ་འདྲེན་པར་མངའ་གསོལ་ལོ། །བྱང་ཆུབ་ལམ་ལ་བར་ཆད་མེད་པར་མཛོད། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །ལྷོ་ཕྱོགས་གཤིན་རྗེའི་སྲིང་མོ་འཇིགས་གཟུགས་ཅན། །བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི། །ངོ་བོ་གཅིག་ལ་རྣམ་པ་དཔོན་གཡོག་ཚུལ། །ནམ་ཟླ་དུས་བཞིའི་སྐྱེ་འགྲོ་ཁྲམ་ལ་འདེབས། །བདག་གི་སྐག་ཟློག་ཆེན་མོར་མངའ་གསོལ་ལོ། །ཁྲམ་ཕྱེས་ཤོ་གཏོར་དལ་ཡམས་རྐྱེན་ཁ་ཟློག །རྣམ་བཞིའི་འཁོར་ལོ་སྡེ་སྣོད་གསུམ་གྱི་ཆོས། །འཆད་ཉན་སྒོམ་སྒྲུབ་སུ་ཡིས་བྱེད་པ་རྣམས། །བུ་བཞིན་སྐྱོང་ཞིང་དེ་ཡི་ཕོ་ཉ་བྱ། །དམ་ལས་འགལ་ན་རང་སྲོག་མེ་འབར་ནས། །དམྱལ་བར་སོང་ཞེས་རྒྱལ་བའི་སྤྱན་སྔ་རུ། །དམ་བཅས་ཐ་ཚིག་ཕུལ་བའི་དམ་ཅན་མ། །བདག་གི་བཀའ་སྲུང་མཆོག་ཏུ་མངའ་གསོལ་ལོ། །རྟག་ཏུ་སྲུང་སྐྱོབ་མེལ་ཚེ་མ་གཡེལ་ཅིག །དུས་ངན་མི་རྣམས་


CMR036_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་སྤྱོད་པའི་ཚེ། །ལྷ་མོ་དཔོན་གཡོག་ཁྲོས་པའི་ཁ་རླངས་ལས། །མི་ནད་ཕྱུགས་ནད་ནད་སྤྲིན་སྔོ་དམར་འཁྲིགས། །དེ་ཕྱིར་ནད་ཀྱི་བདག་མོ་ཞེས་སུ་གྲགས། །བདག་གི་ལས་མཁན་མཆོག་ཏུ་མངའ་གསོལ་ལོ། །ཞིང་བཅུ་ཚངས་བའི་བསྟན་དགྲ་དམ་ཉམས་ལ། །བཞི་བརྒྱ་རྩ་བཞི་ནད་ཀྱི་ས་བོན་ཐོབ། །ལྷ་མོ་ཁྱོད་ལ་མཆོད་བསྟོད་སྔགས་བཟླས་ནས། །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །དེ་ཕྱིར་བདུད་རྩི་སྨན་གྱི་རྒྱལ་མོར་གྲགས། །བདག་གི་སྨན་པ་མཆོག་ཏུ་མངའ་གསོལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་ལ། །ཞལ་ནས་བདུད་རྩིའི་ཆར་པའི་རྒྱུན་ཕོབ་ལ། །ནད་གདོན་དལ་ཡམས་རིམས་ནད་ཞི་བར་མཛོད། །ལྷ་མོའི་ཕྲིན་ལས་བཞི་ཡི་རྣམ་འཕྲུལ་ལས། །ཕྱི་ལྟར་རྒྱུ་སྐར་ལྷ་མོ་ཉི་ཤུ་བརྒྱད། །ནང་ལྟར་དབང་ཕྱུག་ཉེར་བརྒྱད་དཀྱིལ་འཁོར་སྐྱོང་། །གསང་བ་གནས་ཆེན་ཉེར་བརྒྱད་གནས་བདག་མོ།༔ འདིར་གཤེགས་མངའ་གསོལ་བསང་དང་མཆོད་པ་བཞེས། །ཤར་གྱི་མ་བདུན་མ་ལྟར་བྱམས་མཛོད་ལ། །ནད་གདོན་བར་ཆད་ཚོགས་རྣམས་ཞི་བར་མཛོད། །ལྷོ་ཡི་སྲིང་བདུན་


CMR036_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྲིང་ལྟར་གདུང་སེམས་ཀྱིས། །ཚེ་དང་བསོད་ནམས་དབང་ཐང་རྒྱས་པར་མཛད། །ནུབ་ཀྱི་མཛའ་བདུན་མཛའ་ལྟར་བརྩེ་སེམས་ཀྱི། །ཡིད་ལ་འདོད་པའི་དངོས་གྲུབ་དབང་བསྡུས་ལ། །བྱང་གི་བྲན་བདུན་བྲན་ལྟར་བཀའ་ཉོན་ཅིག །ཇི་ལྟར་བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །རི་རྩེ་བྲག་རོང་ཆུ་མདོ་དུར་ཁྲོད་སོགས། །གནས་ཆེན་གནས་ཕྲན་དུར་ཁྲོད་ཐམས་ཅད་དུ། །སྤྲུལ་པའི་འཇིག་རྟེན་མ་མོ་རླུང་ལྟར་འཚུབ། །འདིར་གཤེགས་མངའ་གསོལ་བསང་དང་མཆོད་པ་བཞེས། །དལ་ཡམས་རྐྱེན་ཁ་ཟློག་པའི་ཕྲིན་ལས་མཛོད། །དཔལ་ལྡན་ལྷ་མོ་དཔོན་གཡོག་རྫུ་འཕྲུལ་ཅན། །ཉིན་གསུམ་རི་རབ་རྩེ་ནས་བྱ་ར་མཛོད། །མཚན་གསུམ་སྟོང་གསུམ་འཛམ་གླིང་ཁྱབ་པར་རྒྱུག །དེ་ཕྱིར་བྱ་ར་མ་དང་རྒྱུག་བྱེད་མ། །རྣལ་འབྱོར་བདག་གི་སྲུང་མར་མངའ་གསོལ་ལོ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །ལྷ་མོ་དཔོན་གཡོག་སྐུ་གསུང་ཐུགས་ཡོན་ལས། །ཕྲིན་ལས་ལྔ་ཡི་སྤྲུལ་པའི་ལྷ་མོ་ནི། །དཀར་མོ་དམར་མོ་ནག་མོ་སེར་མོ་དང་། །ལྗང་མོ་ལ་སོགས་བྱེ་བ་འབུམ་ཕྲག་ལྔ། །བདག་གི་མགོན་དང་དཔུང་དུ་མངའ་གསོལ་ལོ། །དུས་


CMR036_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྟག་ཏུ་བཀྲ་ཤིས་བདེ་ལེགས་སྩོལ། །ལྷ་མོའི་ཡང་སྤྲུལ་འཇིག་རྟེན་ལྷ་མོ་ནི། །རབ་བརྟན་མ་དང་མ་གཅིག་དཔལ་ལྷ་མོ། །ཨ་ཕྱི་མཆེད་ལྔ་ཚེ་རིང་མཆེད་ལྔ་དང་། །ཕག་མོ་མཆེད་ལྔ་གཡུ་སྒྲོན་མཆེད་ལྔ་དང་། །ཀུན་འཁྱིལ་མཆེད་གསུམ་ལ་སོགས་དངོས་གྲུབ་བདག །བདག་གི་ནོར་ལྷའི་མཆོག་ཏུ་མངའ་གསོལ་ལོ། །རྨ་གཡང་དངོས་གྲུབ་ནམ་མཁའི་ཆར་ལྟར་ཕོབ། །ལྷ་མོའི་བཀའ་སྡོད་འཇིག་རྟེན་ལྷ་མོ་ནི། །བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་། །ཡ་མ་བཅུ་གཉིས་མཚོ་སྨན་མཆེད་དགུ་སོགས། །རེ་རེའི་འཁོར་ལ་སྨན་བྲན་འབུམ་ཕྲག་རེ། །ལྷབ་ལྷུབ་དར་ཟབ་མང་པོའི་རྒྱན་དང་བཅས། །རིན་ཆེན་རྒྱན་ཆ་རོལ་མོའི་སྒྲ་དང་བཅས། །དྲི་བཟང་སྤོས་སྤྲིན་་ཝཱམང་པོའི་ངད་དང་བཅས། །འདིར་གཤེགས་མངའ་གསོལ་བསང་དང་མཆོད་པ་བཞེས། །བདག་གི་ཡུལ་ལྷའི་མཆོག་ཏུ་མངའ་གསོལ་ལོ། །གཞི་བྱེས་ལམ་གསུམ་ཀུན་ཏུ་བདེ་ལེགས་སྩོལ། །དེ་ལྟར་ལྷ་མོ་དཔོན་གཡོག་འཁོར་བཅས་ལ། །ཡིད་ལས་སྤྲུལ་པའི་མཆོད་སྤྲིན་རྒྱ་མཚོ་དང་། །དངོས་འབྱོར་དཀར་གསུམ་ཟས་ཕུད་ཕྱེ་མར་དང་། །འབྲུ་སྣ་


CMR036_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྣ་རིན་ཆེན་ཕྱེ་མ་དང་། །བཟང་ཤིང་སྣ་ཚོགས་དུད་སྤྲིན་ནམ་མཁའ་བཀང་། །གསོལ་ལོ་མཆོད་དོ་ལྷ་མོ་འཁོར་བཅས་གསོལ། །བསང་ངོ་བསང་ངོ་ཉམས་གྲིབ་དག་གྱུར་ཅིག་བརྔན་ནོ་མཆོད་དོ་ལྷ་མོ་འཁོར་བཅས་བརྔན། །བསང་དང་ཞི་བའི་མཆོད་པ་འདི་བཞེས་ལ། །བར་ཆད་རྐྱེན་ངན་ཐམས་ཅད་ཞི་བ་དང་། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འཕེལ་བར་མཛོད། །དྷེ་ཝི་ཀཱ་ལི་ས་པཱ་རི་ཝཱ་ར་སརྦ་པུཙྪ་ཁཱ་ཧི་བཛྲ་དྷུ་པེ་པྲ་ཏིཙྪཡེ་སྭཱ་ཧཱ། ཞེས་པ་འདི་ནི་རི་པ་བླ་མ་བསོད་ནམས་དོན་འགྲུབ་ཀྱིས་བསྐུལ་ངོར་ལ་བརྟེན་ནས། ལུག་ལོ་ཆོ་འཕྲུལ་ཆེན་པོའི་བཅུ་གཅིག་ལྷ་མོ་རྒྱུ་བའི་དུས་ཆེན་ལ། ༧ སྔགས་འཆང་རཱ་ག་ཨ་སྱས་སྨྲས་པ་ལྟར། །དགེ་བཤེས་སྦྱིན་པས་ཡི་གེར་བྲིས་པའོ། ཉེས་འགལ་མཆིས་ན་ལྷ་མོ་འཁོར་དང་བཅས་ལ་བཤགས། །དགེ་བས་གཞན་ཕན་རྒྱ་ཆེན་འབྱུང་གྱུར་ཅིག །སརྦ་མངྒ་ལཾ།། །།


previousམངའ་གསོལ་ཐུགས་རྗེའི་ལྕགས་ཀྱུ།next