Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་། next

ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་།


CMR036_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་བཞུགས་སོ།། ཀྱཻ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །སྤོས་ངད་ལྡན་པའི་རི་བོའི་སྟེང་། །རིན་ཆེན་གཏེར་གྱི་ཁང་བཟང་ན། །བཀྲ་ཤིས་བུམ་བཟང་གཏེར་མཛོད་དབུས། །ལྗོན་ཤིང་ཆེན་པོའི་ནགས་ཚལ་ནས། །པདྨ་འདབ་མ་བརྒྱད་ཀྱི་སྟེང་། །སེངྒེ་དཀར་མོའི་ཁྲི་སྟེང་ནས། །རྒྱལ་ཆེན་མགོན་པོ་རྣམ་ཐོས་སྲས། །ནོར་སྲུང་བརྒྱད་པོའི་འཁོར་གྱིས་བསྐོར། །གནོད་སྦྱིན་འབུམ་ཕྲག་ཕོ་ཉར་འགྱེད། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་རྗེའི་ནོར་གྱི་ཆར་པ་འབེབས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་བསང་། །གསེར་གྱི་མདོག་འདྲ་ནོར་བུས་སྤྲས། །རིན་ཆེན་དབྱུག་ཐོ་ནེའུ་ལེ་འཛིན། །ཁེར་དང་གསེར་ཁྲབ་སྐུ་ལ་གསོལ། །ནོར་བུ་རིན་ཆེན་པྲོག་ཞུ་བསྣམས། །མགོན་པོ་རྣམ་སྲས་འཁོར་བཅས་བསང་། །ཤར་ཕྱོགས་ནོར་སྲུང་ཛམ་བྷ་ལྷ། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཕྱག་ན་བེ་ཅོན་ནེའུ་ལེ་བསྣམས། །འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར། །ཨརྱ་ཛམ་བྷ་ལ་སོགས་པའི། །ཤར་ཕྱོགས་ནོར་


CMR036_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་འཁོར་བཅས་བསང་། །ལྷོ་ཕྱོགས་ནོར་སྲུང་གང་བ་བཟང་། །ཕྱག་ན་རིན་ཆེན་ནེའུ་ལེ་བསྣམས། །གང་བ་བཟང་པོ་ལ་སོགས་པའི། །ལྷོ་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ནུབ་ཕྱོགས་ནོར་སྲུང་ནོར་བུ་བཟང་། །ཕྱག་ན་ནོར་བུ་ནེའུ་ལེ་བསྣམས། །ནོར་བུ་བཟང་པོ་ལ་སོགས་པའི། །ནུབ་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །བྱང་ཕྱོགས་ནོར་སྲུང་ཀུ་བེ་ར། །ཕྱག་ན་རལ་གྲི་ནེའུ་ལེ་བསྣམས། །ཀུ་བེ་ར་ལ་སོགས་པ་ཡི། །བྱང་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ཤར་ལྷོའི་ནོར་སྲུང་ཡང་དག་ཤེས། །ཕྱག་ན་དུང་དཀར་རལ་གྲི་བསྣམས། །ཡང་དག་ཤེས་ལ་སོགས་པ་ཡི། །ཤར་ལྷོའི་ནོར་སྲུང་འཁོར་བཅས་བསང་། །ལྷོ་ནུབ་ནོར་སྲུང་འབྲོག་གནས་ནི། །ཕྱག་ན་མདུང་དར་དཀར་པོ་བསྣམས། །འབྲོག་གནས་ནག་པོ་ལ་སོགས་པའི། །ལྷོ་ནུབ་ནོར་སྲུང་འཁོར་བཅས་བསང་། །ནུབ་བྱང་ནོར་སྲུང་ལྔས་རྩེན་དང་། །ཕྱག་ན་རཏྣ་ཁང་བུ་བསྣམས། །རྔས་རྩེན་སེར་སྐྱ་ལ་སོགས་པའི། །ནུབ་བྱང་ནོར་སྲུང་འཁོར་བཅས་བསང་། །བྱང་ཤར་ནོར་སྲུང་ཛི་བྷི་ནི། །ཕྱག་ན་གནམ་ལྕགས་རལ་གྲི་བསྣམས། །ཛི་བྷི་


CMR036_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་དྷ་ལ་སོགས་པའི། །བྱང་ཤར་ནོར་སྲུང་འཁོར་བཅས་བསང་། །དབུས་ན་ཕྱུགས་ལྷ་ལྗང་ཁུ་ནི། །ཕྱག་ན་རིན་ཆེན་གཞོང་པ་བསྣམས། །སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས། །དབུས་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ནོར་རྒྱུན་མ་ལ་སོགས་པ་ཡི། །ནོར་ལྷ་ཡུམ་ཆེན་བརྒྱད་པོ་ནི། །ཕྱག་ན་རིན་ཆེན་ཕྲེང་བ་བསྣམས།ནོར་བུ་པདྨ་སྐུ་ལ་གསོལ། །ནོར་ལྷ་ཡུམ་ཆེན་བརྒྱད་པོ་བསང་། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱོགས་བཞི་མཚམས་བརྒྱད་ནོར་གཡང་རྣམས། །ཉི་ཟླ་ལྷོ་སྤྲིན་འཚུབ་བཞིན་བྱོན། །ནུབ་བྱང་ཕྱོགས་ནས་ཚེ་གཡང་རྣམས། །ན་བུན་ཆུ་བོ་འབབ་བཞིན་བྱོན། །སྟེང་དང་འོག་གི་འདོད་ཡོན་གཡང་། །སྦྲང་ཆར་འབྲས་དྲུག་སྨིན་བཞིན་བྱོན།སྙན་དང་གྲགས་པའི་བསྟོད་གཡང་རྣམས། །གཡུ་འབྲུག་བཞིན་དུ་གྲགས་བཞིན་བྱོན། །བུ་སློབ་རིགས་རྒྱུད་འདུ་བའི་གཡང་། །སྐར་སྤྲིན་བཞིན་དུ་བཀྲག་བཞིན་བྱོན། །དེ་བཞིན་ནོར་ལྷ་འཁོར་བཅས་བསང་། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །དམ་པ་ཆོས་ཀྱི་སྲུང་མ་མཛོད། །ཆོས་སྐྱོང་རྣམ་སྲས་འཁོར་བཅས་བསང་། །ཇག་པ་རྣམས་ཀྱི་


CMR036_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལྷ་མཛད། །དགྲ་ལྷ་རྣམ་སྲས་འཁོར་བཅས་བསང་། །འབྲོག་པ་རྣམས་ཀྱི་ནོར་ལྷ་མཛད། །ནོར་ལྷ་རྣམ་སྲས་འཁོར་བཅས་བསང་། །ཡུལ་པ་རྣམས་ཀྱི་ཞིང་ལྷ་མཛད། །ཞིང་ལྷ་རྣམ་སྲས་འཁོར་བཅས་བསང་། །འདོད་དོན་དངོས་གྲུབ་ཕུན་སུམ་ཚོགས། །ནོར་བུ་རྣམ་སྲས་འཁོར་བཅས་བསང་། །དགྲ་བགེགས་ཆམ་ལ་ཕབ་མཛད་པའི། །རྩལ་ཆེན་རྣམ་སྲས་འཁོར་བཅས་བསང་། །ལྷ་ཆེན་ནོར་ལྷ་འཁོར་བཅས་བསང་། །ཀླུ་ཆེན་ནོར་ལྷ་འཁོར་བཅས་བསང་། །གནོད་སྦྱིན་ནོར་ལྷ་འཁོར་བཅས་བསང་། །སྲིན་པོའི་ནོར་ལྷ་འཁོར་བཅས་བསང་། །ཉི་མ་ཟླ་བའི་ནོར་ལྷ་བསང་། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་བསང་། །སློབ་དཔོན་བརྒྱུད་དང་ཕ་མེས་བརྒྱུད།ཚེ་རབས་ལས་དང་ད་ལྟ་བར། །ཁ་འཛིན་སྡོང་གྲོགས་བྱེད་པ་ཡི། །ནོར་ལྷ་རྣམ་སྲས་འཁོར་བཅས་བསང་། །བསང་དང་མཆོད་པ་དམ་པ་འབུལ། །མི་འཇིགས་སེང་གེའི་ཁྲི་སྟེང་ནས། །བེ་ལས་བྱུང་བའི་མགོན་པོ་ནི། །ས་བརྒྱད་སེམས་དཔའི་སྟོབས་པོ་ཆེ། །ནོར་གྱི་དབང་ཕྱུག་ཁྱེད་ལ་བསྟོད། །ཁྱོད་བསྟེན་སྒྲུབ་མཆོད་བྱས་པ་ཡིས། །འགལ་


CMR036_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ཆོས་ཀྱི་ཡོན་བདག་མཛོད། །ཅི་བསམ་ལྷུན་གྱིས་གྲུབ་པར་མཛོད། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །བསྭ་བས་ལྷ་རྒྱལ་ལོ། །ཞེས་པ་འདི་ཡང་ནོར་ལྷའི་བསང་མཆོད་འདི་ལྟར་དགོས་ཞེས་གཞན་གྱིས་བསྐུལ་ངོར་ཨ་རཱ་གས་སོ། །མངྒ་ལཾ།


previousནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་། next