Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་ལྷ་རྣམ་སྲས་ཀྱི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནོར་ལྷ་རྣམ་སྲས་ཀྱི་བསང་།next

ནོར་ལྷ་རྣམ་སྲས་ཀྱི་བསང་།


CMR036_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷ་རྣམ་སྲས་ཀྱི་བསང་བཞུགས་སོ།། ཀྱཻ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ན། །སྤོས་ངད་ལྡན་པའི་རི་ཡི་སྟེང་། །རིན་ཆེན་གསེར་གྱི་ཁང་བཟང་དབུས། །བཀྲ་ཤིས་བུམ་བཟང་གཏེར་མཛོད་ནང་། །སེངྒེ་དཀར་མོའི་ཁྲི་སྟེང་ནས། །རྒྱལ་ཆེན་མགོན་པོ་རྣམ་ཐོས་སྲས། །མཁན་ཤུག་བལ་བའི་དུད་པས་བསང་། །གསེར་གྱི་མདོག་འདྲ་ནོར་བུས་སྤྲས། །རིན་ཆེན་དབྱུག་ཐོ་ནེའུ་ལེ་བསྣམས། །བེར་དང་གསེར་ཁྲབ་སྐུ་ལ་གསོལ། །ནོར་བུ་རིན་ཆེན་དབུ་ཞྭ་མནབས།མགོན་པོ་རྣམ་སྲས་འཁོར་བཅས་བསང་། །ཤར་ཕྱོགས་ནོར་སྲུང་ཛམ་བྷ་ལྷ། །ཕྱག་ན་རིན་ཆེན་དབྱུག་ཏོ་བསྣམས། །ཛམ་བྷ་ལྷ་ལ་སོགས་པ་ཡི། །ཤར་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ལྷོ་ཕྱོགས་ནོར་སྲུང་གང་བ་བཟང་། །ཕྱག་ན་རིན་ཆེན་བུམ་པ་བསྣམས། །གང་བ་བཟང་ལ་སོགས་པ་ཡི། །ལྷོ་ཕྱོགས་ནོར་སྲུང་འཁོར་བཅས་བསང་་། །ནུབ་ཕྱོགས་ནོར་སྲུང་ནོར་བུ་བཟང་། །ཕྱག་ན་པདྨ་ནེའུ་ལེ་བསྣམས། །ནོར་བུ་བཟང་པོ་ལ་སོགས་པའི། །ནུབ་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །བྱང་


CMR036_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནོར་སྲུང་ཀུ་བེ་ར། །ཕྱག་ན་རལ་གྲི་ནེའུ་ལེ་བསྣམས། །ཀུ་བེ་ར་ལ་སོགས་པ་ཡི། །བྱང་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ཤར་ལྷོའི་ནོར་སྲུང་ཡང་དག་ཤེས།ཕྱག་ན་ཤེལ་དཀར་རལ་གྲི་བསྣམས། །ཡང་དག་ཤེས་ལ་སོགས་པ་ཡི། །ཤར་ལྷོའི་ནོར་སྲུང་ཐམས་ཅད་བསང་། །ལྷོ་ནུབ་ནོར་སྲུང་འབྲོག་གནས་ནི། །ཕྱག་ན་མདུང་དར་དཀར་པོ་བསྣམས། །འབྲོག་གནས་ནག་པོ་ལ་སོགས་པའི། །ལྷོ་ནུབ་ནོར་སྲུང་ཐམས་ཅད་བསང་། །ནུབ་བྱང་ནོར་སྲུང་ལྔས་རྩེན་ནི། །ཕྱག་ན་རིན་ཆེན་ཁང་བཟང་བསྣམས། །རྔས་རྩེན་སེར་སྐྱ་ལ་སོགས་པའི། །ནུབ་བྱང་ནོར་སྲུང་ཐམས་ཅད་བསང་། །བྱང་ཤར་ནོར་སྲུང་ཛི་བྷི་ནི། །ཕྱག་ན་གནམ་ལྕགས་རལ་གྲི་བསྣམས། །ཛི་བྷི་ཀུ་དྷ་ལི་ལ་སོགས། །བྱང་ཤར་ནོར་སྲུང་ཐམས་ཅད་བསང་། །དབུས་ཕྱོགས་ཕྱུགས་ལྷ་ལྗང་ཁུ་ནི། །ཕྱག་ན་རིན་ཆེན་གཞོང་པ་བསྣམས། །སྐུ་ལ་རིན་ཆེན་རྒྱན་གྱིས་བརྒྱན།དབུས་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ནོར་རྒྱུན་མ་ལ་སོགས་པ་ཡི། །ནོར་ལྷ་མོ་རིགས་བརྒྱད་པོ་ནི། །ཕྱག་ན་རིན་ཆེན་ཕྲེང་བ་བསྣམས། །གཏེར་གྱི་བུམ་པ་


CMR036_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ནས་ནི། །ཅི་འདོད་དངོས་གྲུབ་ཆར་འབེབས་བསང་། །ཚོང་པ་རྣམས་ཀྱི་ཚོང་ལྷ་མཛོད། །ཚོང་ལྷ་རྣམ་སྲས་འཁོར་བཅས་བསང་། །དམ་པ་ཆོས་ཀྱི་སྲུང་མ་མཛོད། །ཆོས་སྐྱོང་རྣམ་སྲས་འཁོར་བཅས་བསང་། །ཇག་པ་རྣམས་ཀྱི་དགྲ་ལྷ་མཛད། །དགྲ་ལྷ་རྣམ་སྲས་འཁོར་བཅས་བསང་། །འབྲོག་པ་རྣམས་ཀྱི་ནོར་ལྷ་མཛད། །ནོར་ལྷ་རྣམ་སྲས་འཁོར་བཅས་བསང་། །ཡུལ་པ་རྣམས་ཀྱི་ཞིང་ལྷ་མཛད། །ཞིང་ལྷ་རྣམ་སྲས་འཁོར་བཅས་བསང་། །ཅི་འདོད་དངོས་གྲུབ་ཆར་འབེབས་པའི། ནོར་བུ་རྣམ་སྲས་འཁོར་བཅས་བསང་། །དགྲ་བགེགས་ཆམ་ལ་ཕབ་མཛད་པའི། །རྩལ་ཆེན་རྣམ་སྲས་འཁོར་བཅས་བསང་། །ལྷ་ཆེན་རྣམ་སྲས་འཁོར་བཅས་བསང་། །ཀླུ་ཆེན་རྣམ་སྲས་འཁོར་བཅས་བསང་། །གནོད་སྦྱིན་ནོར་ལྷ་འཁོར་བཅས་བསང་། །སྲིན་པོའི་ནོར་ལྷ་འཁོར་བཅས་བསང་། །ཉི་མ་ཟླ་བའི་ནོར་ལྷ་བསང་། །གཟའ་དང་རྒྱུ་སྐར་ནོར་ལྷ་བསང་། །ཚངས་པའི་ནོར་ལྷ་འཁོར་བཅས་བསང་། །ལྷ་སྲིན་སྡེ་བརྒྱད་ནོར་ལྷ་བསང་། །ནོར་ལྷ་ཆེན་པོ་ཁྱེད་རྣམས་ལ། །འབྱོར་ཚོད་གཏོར་མ་བཤམས་ནས་


CMR036_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྣམ་ཐོས་སྲས་དང་རྟ་བདག་བརྒྱད། །གཞན་ཡང་ཕྱུགས་ལྷ་ལྗང་ཁུ་དང་། །ལྷ་མོ་ཆེན་མོ་བརྒྱད་དང་བཅས། །ནོར་ལྷ་འཁོར་དང་བཅས་ལ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །ནོར་ལྷ་ཆེན་པོ་ཁྱེད་རྣམས་ཀྱིས། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་ནོར་ལྷ་གསེར་འོད་ཀྱི་དོན་བསྡུས་པ། རཱ་ག་ཨ་སྱས་སྦྱར་བ་སེམས་ཅན་དབུལ་འཕོང་གི་སྡུག་བསྔལ་ལས་གྲོལ་བའི་རྒྱུར་གྱུར་ཅིག །དགེའོ།


previousནོར་ལྷ་རྣམ་སྲས་ཀྱི་བསང་།next