Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་སྐྱོང་རྡོ་རྗེ་ལེགས་པའི་བསང་ཡིག་བཀྲ་ཤིས་འཁྱིལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་སྐྱོང་རྡོ་རྗེ་ལེགས་པའི་བསང་ཡིག་བཀྲ་ཤིས་འཁྱིལ་པ།next

ཆོས་སྐྱོང་རྡོ་རྗེ་ལེགས་པའི་བསང་ཡིག་བཀྲ་ཤིས་འཁྱིལ་པ།


CMR036_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་རྡོ་རྗེ་ལེགས་པའི་བསང་ཡིག་བཀྲ་ཤིས་འཁྱིལ་པ་བཞུགས་སོ།། ཧཱུྃ། ཆོས་དབྱིངས་ལྷུན་གྲུབ་ཕོ་བྲང་ནས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །རྡོ་རྗེ་ལེགས་པ་འདིར་གཤེགས་ཤིག །ཡིད་སྤྲུལ་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །འོག་མིན་འཐུག་པོ་བཀོད་པ་ན། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱི། །ཐུགས་དགོངས་སྟོང་ཉིད་བཅུ་དྲུག་ལ། །སེམས་དཔའ་བཅུ་དྲུག་སྤྲུལ་པ་ལས། །རྡོ་རྗེ་རིགས་ཀྱི་སེམས་དཔའ་ཞིག །ལྗང་གུ་ཕྱག་གཉིས་སེ་གོལ་གཏོགས། །དེ་ཡི་སྟོབས་དང་རྫུ་འཕྲུལ་ལ། །སངས་རྒྱས་ཀུན་གྱིས་ལེགས་སོ་བརྗོད། །ཡེ་ཤེས་རྡོ་རྗེ་ལེགས་པ་ལ། །སྤྲོས་སྤྲིན་གསུར་གྱིས་བསང་ཞིང་མཆོད། །ངན་སོང་སྐྱེ་སྒོ་ཆོད་པར་ཤོག །སྲིན་ཡུལ་མ་ལ་ཡ་ཡི་རི། །སྲིན་མོ་ཁ་ཡི་བྲག་ཕུག་ནས། །ཕྱག་ན་རྡོ་རྗེའི་བཀའ་ཉན་ཅིང་། །གསང་སྔགས་སྲུང་མ་དམ་ཚིག་ཅན་། །རྡོ་རྗེ་སྲིན་པོ་ཞེས་ཀྱང་བྱ། །གསང་མཚན་བཛྲ་ཐིག་ལེ་རྩལ། །དམ་ཚིག་རྡོ་རྗེ་ལེགས་པ་ལ། །སྤོས་སྤྲིན་གསུར་གྱིས་བསང་ཞིང་མཆོད། །སྔགས་འཆང་བདག་གི་


CMR036_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་མཛོད། །རྟ་མཆོག་པདྨ་ཧེ་རུ་ཀའི། །ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །དམུ་བདུད་བཤོས་པའི་བུ་རུ་སྤྲུལ། །ལས་ཀྱི་རྡོ་རྗེ་ལེགས་པ་ལ། །སྤྲོས་སྤྲིན་གསུར་གྱིས་བསང་ཞིང་མཆོད། །སྔགས་འཆང་བདག་གི་ཕྲིན་ལས་སྒྲུབས། །ངོ་བོ་གཅིག་ལ་སྐུ་མཆེད་ཚུལ། །སྤྲུལ་པ་སུམ་བརྒྱ་དྲུག་ཅུ་འགྱེད། །སངས་རྒྱས་ཆོས་ཀྱི་མཚན་གསོལ་བ་། །དམ་ཅན་སུམ་བརྒྱ་དྲུག་ཅུ་བསང་། །གཡུང་དྲུང་བོན་གྱིས་མཚན་གསོལ་བ། །ཝེར་མ་སུམ་བརྒྱ་དྲུག་ཅུ་བསང་། །སྐྱེ་བོ་རྣམས་ཀྱིས་མཚན་གསོལ་བ། །དགྲ་བླ་སུམ་བརྒྱ་དྲུག་ཅུ་བསང་། །བུད་མེད་རྣམས་ཀྱིས་མཚན་གསོལ་བ། །རྫིའུ་སུམ་བརྒྱ་དྲུག་ཅུ་བསང་། །མོ་མ་རྣམས་ཀྱིས་མཚན་གསོལ་བ། །བདུད་ལྷ་སུམ་བརྒྱ་དྲུག་ཅུ་་བསང་། །རྣོ་མཐོང་མཁན་གྱིས་མཚན་གསོལ་བ། །རྣོ་ལྷ་སུམ་བརྒྱ་དྲུག་ཅུ་བསང་། །མུ་སྟེགས་རྣམས་ཀྱིས་མཚན་གསོལ་བ། །ཁས་གྲགས་སུམ་བརྒྱ་དྲུག་ཅུ་བསང་། མདོ་ཁམས་ཕྱོགས་སུ་མཚན་གསོལ་བ། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་བསང་། །སུམ་བརྒྱ་དྲུག་ཅུའི་ཆེ་བ་སྟེ། །ཨ་ཇོ་རྡོ་རྗེ་ལེགས་པ་བསང་། །བརྒྱ་ནི་རྒྱ་གར་ཡུལ་ན་


CMR036_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །རྒྱ་གར་ཆོས་ཀྱིས་སྲུང་མ་མཛད། །བརྒྱ་ཡི་ནང་ནས་ཆེ་བ་གཅིག །རྒྱ་གར་ཡུལ་གྱི་ནུབ་ཕྱོགས་ན། །གཤིན་རྗེའི་གྲོང་གདོང་དམར་པོ་ནི།ཕ་ཝཾ་ལོང་བུའི་མཁར་ན་བཞུགས། །ར་ཞོན་ཐོ་བ་སྡུད་པ་བསྣམས། །དམ་ཅན་མགར་བ་ནག་པོ་བསང་། །བརྒྱ་ནི་རྒྱ་ནག་ཡུལ་དུ་བཞུགས། །རྒྱ་ནག་རྩིས་ཀྱི་ཨ་ཇོ་བསང་། བརྒྱ་ཡི་ནང་ནས་ཆེ་བ་ཞིག །གསེར་མཁར་སེར་པོའི་རྩེ་ན་བཞུགས། །རྟ་ཆིབས་ར་ཡི་རྒྱལ་མཚན་ཕྱར། །དམ་ཅན་མགར་བ་སེར་པོ་བསང་། །བརྒྱ་ནི་སྟག་གཟིག་ཡུལ་དུ་བཞུགས། །སྟག་གཟིག་ནོར་གྱི་བདག་པོ་བསང་། །བརྒྱ་ཡི་ནང་ནས་ཆེ་བ་ཞིག །ཤེལ་བྲག་དཀར་པོའི་རྩེ་ན་བཞུགས། །དགྲ་སྟ་ར་ཡི་རྒྱལ་མཚན་འཛིན། །དམ་ཅན་མགར་བ་དཀར་པོ་བསང་། །དྲུག་ཅུ་བོད་ཡུལ་དབུས་ན་བཞུགས། །བོད་ཡུལ་གཙུག་ལག་སྲུང་མ་མཛད། །དྲུག་ཅུའི་ནང་ནས་ཆེ་བ་ཞིག །ཤང་དང་འོ་ཡུག་ས་མཚམས་ན། །ཕ་ཝང་ལོང་བུའི་མཁར་ན་བཞུགས། །གཙང་བཙན་རྡོ་རྗེ་ལེགས་པ་སྐྱོང་། །སེང་ཆིབས་རྡོ་རྗེ་ཙིཏྟ་བསྣམས། །དམ་ཅན་མགར་བ་དམར་པོ་བསང་། །བཅོམ་ལྡན་


CMR036_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་ཡིས། །དམ་ལ་བཏགས་པའི་དམ་ཅན་རྣམས། །དམ་ཚིག་རྡོ་རྗེ་ལེགས་པ་བསང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གཏེར་ཁ་བརྒྱ་རྩའི་སྲུང་མར་བསྐོས་། །གཏེར་སྲུང་རྡོ་རྗེ་ལེགས་པ་བསང་། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་བྱེད། །དགྲ་བླ་རྡོ་རྗེ་ལེགས་པ་བསང་། །སྔགས་པ་ཡོངས་ཀྱི་སྲུང་མ་བྱེད། །བཀའ་སྲུང་རྡོ་རྗེ་ལེགས་པ་བསང་། །རྒྱ་བོད་བགྲོད་པའི་སྣ་འདྲེན་མཛད། །ཚོང་དཔོན་རྡོ་རྗེ་ལེགས་པ་བསང་། །དམག་དང་ཇག་གི་དཔུང་རོགས་བྱེད། །དམག་དཔོན་ཇག་དཔོན་ཆེན་པོ་བསང་། །དུད་འཐུལ་ཀུན་གྱི་ཁྱིམ་ལྷ་བྱེད། །ཕུག་ལྷ་རྡོ་རྗེ་ལེགས་པ་བསང་། །དེ་ལྟར་བསང་བའི་ཡོན་ཏན་གྱིས། །ནོར་དང་རིགས་རྒྱུད་སྤེལ་བ་དང་། །ལོངས་སྤྱོད་ཆར་ལྟར་འབེབས་པ་དང་། །ཅི་བསམ་དོན་རྣམས་འགྲུབ་པ་ཡི། །ཁྱོད་ལ་ཡོད་པའི་དངོས་གྲུབ་དེ། །བདག་ལ་རྒྱུན་དུ་སྩོལ་བར་མཛོད། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །རྟག་ཏུ་ལོ་ལེགས་ལོངས་སྤྱོད་འཕེལ། །བཀྲ་ཤིས་བདེ་ལེགས་ཐམས་ཅད་ནི། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། ༈ །རང་རང་གནས་སུ་གཤེགས་པའམ། །རྟེན་


CMR036_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་སོགས་གང་དགྱེས་མཛོད། ༈ །བཀྲ་ཤིས་མཐུ་རྩལ་ཆེ་བ་ཡི། །རྡོ་རྗེ་ལེགས་པས་བཀྲ་ཤིས་ཤོག །ཅེས་རིག་སྔགས་འཆང་བ་སྲི་ལུ་དང་དབོན་པོ་ནམ་མཁའ་དཔོན་གཉིས་ཀྱིས་བསྐུལ་བས་བཀའ་རྒྱ་དམ་ཡང་ངོ་མ་ཆོག་ནས། ༧ རཱ་ག་ཨ་སྱས་སྨྲས་པ་ལྟར་སྐུ་སྐྱེ་ཀུན་དགས་ཡི་གེར་བཀོད་པ་དགེ་ལེགས་འཕེལ།།


previousཆོས་སྐྱོང་རྡོ་རྗེ་ལེགས་པའི་བསང་ཡིག་བཀྲ་ཤིས་འཁྱིལ་པ།next