Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་རིང་མའི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་རིང་མའི་བསང་།next

ཚེ་རིང་མའི་བསང་།


CMR036_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མའི་བསང་ཡོད། ཀྱཻ། ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །མ་བཙུན་སྔོན་གྱི་ཚེ་རིང་མ། །མཐིང་ཤུན་གཡུ་ཡི་ཟུར་ཕུད་ཅན། །དུང་གི་ཐོར་ཚུགས་ལྡེམས་སེ་ལྡེམ། །གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག །འཇའ་ཚོན་ན་བཟའ་ལྷུབས་སེ་ལྷུབ། །ཕྱག་གཡས་དངུལ་དཀར་མེ་ལོང་འཛིན། །ཕྱག་གཡོན་རིན་ཆེན་བུམ་པ་འཛིན། །ཆིབས་སུ་བྱ་རྒོད་ཐང་དཀར་ཆིབས། །འཁོར་དུ་སྨན་ཕྲན་འབུམ་གྱིས་བསྐོར། །གནས་འདིར་མ་ཐོགས་ད་ཚུར་བྱོན། །བ་ལིང་གཏོར་མ་འདི་བཞེས་ལ། །སལ་སལ་གཏམ་ལ་སིལ་སིལ་སྨོས། །སྲིད་གསུམ་བདག་མོ་ད་ཚུར་བྱོན། །དུང་ལོ་འབར་བའི་སུར་དཀར་དང་། །གསེར་ལོ་འབར་བའི་སྟག་པས་བསང་། །གཡུ་ལོ་འབར་བའི་ཤུག་པས་བསང་། །རྩི་སྨན་སྤོས་དཀར་དུད་པས་བསང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །རིན་ཆེན་གསེར་དངུལ་སྣ་ཚོགས་མཆོད། །དར་ཟབ་སྣ་ལྔའི་རྒྱན་གྱིས་མཆོད། །འབྲུ་ཡི་བྱེ་བྲག་སྣ་ཚོགས་མཆོད། །དྲི་ཞིམ་སྤོས་ཀྱི་དུད་པས་མཆོད། །བསང་དང་ཞི་བའི་མཆོད་པ་འདི། །མ་བཙུན་ཚེ་རིང་མ་ལ་འབུལ། །ཁྱེད་ཀྱིས་བདག་ལ་


CMR036_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་སྟོན། །ཁམས་གསུམ་དབང་སྡུད་བདག་སྐྱོབས་ལ། །མི་ནོར་ཟས་གསུམ་ལོངས་སྤྱོད་དང་། །ཚེ་རིང་ནད་མེད་དངོས་གྲུབ་སྩོལ། །མིའུ་རིགས་བཞིའི་དངོས་གྲུབ་སྩོལ། །རྫུ་འཕྲུལ་མངོན་ཤེས་བདག་ལ་བསྒྲུབ། །ཁྱོད་དང་བདག་ནི་མི་འབྲལ་ལོ། །མདའ་རྒོད་སྟག་དང་མེ་ལོང་བརྒྱན། །རིན་ཆེན་དར་སྣས་བརྒྱན་པ་འདི། །མ་བཀྲ་ཤིས་ཚེ་རིང་ཁྱོད་ལ་འབུལ། །རིན་ཆེན་འབྲུ་སྣ་དར་སྣ་དང་། །སྨན་སྣ་བདུད་རྩིའི་བསང་མཆོད་འདི། །མ་བཀྲ་ཤིས་ཚེ་རིང་ཁྱོད་ལ་འབུལ། །རྫུ་འཕྲུལ་མངོན་ཤེས་མྱུར་དུ་སྟོན། །འཇིག་རྟེན་ཁམས་རྣམས་དབང་དུ་བསྡུས། །བཀྲ་ཤིས་བདེ་ལེགས་དར་རྒྱས་ཤོག །ཨ་རཱ་གས་སོ།། །།


previousཚེ་རིང་མའི་བསང་།next