Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད།next

རྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད།


CMR036_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད་བཞུགས་སོ།། ཀྱཻ། འཛམ་གླིང་བྱང་ཕྱོགས་ཚ་བ་སྒང་། །མཚོ་དང་ཁེ་ཤོད་ཡུལ་གྱི་འཚམས། །ཕྱི་ལྟར་གངས་དཀར་ཤེལ་འོད་འཕྲོ། །ནང་ལྟར་ལྷ་ཡི་གཞལ་ཡས་ཁང་། །རིན་ཆེན་སྣ་ཚོགས་ཁྲི་སྟེང་ན། །ཡུམ་གཅིག་རྡོ་རྗེ་གཡུ་སྒྲོན་མ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་འཕགས་ཡུལ་གངས་ཅན་སོགས། །བཞུགས་ཡུལ་རྣམས་ནས་སྤྱན་འདྲེན་ནོ། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་ཕྱི་མཆོད་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །མདའ་དར་མེ་ལོང་རིན་ཆེན་ཚོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ཇ་ཆང་འོ་ཞོ་འབྲུ་སྣ་དང་། །ཕྱེ་མར་ཟས་ཕུད་བཟང་ཤིང་སྤྲོས། །བསྲེགས་པའི་དུད་པ་སྤྲིན་ལྟར་གཏིབས། །བླ་མེད་མཆོད་སྤྲིན་འཕྲོ་བ་འདིས་། །ལྷ་སྨན་གཡུ་ཡི་སྒྲོན་མ་བསང་། །རིགས་བཞི་ལྷ་སྨན་མཆེད་བཞི་བསང་། །ཕྱི་འཁོར་བརྟན་མ་བཅུ་གཉིས་བསང་། །གཟུངས་བརྗོད་མཚོ་མོ་ཞེ་ལྔ་བསང་། །


CMR036_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཁོར་སྨན་མོ་འབུམ་ཕྲག་བསང་། །སངས་རྒྱས་བསྟན་པ་སྲུང་མཛད་བསང་། །ཆོས་མཛད་བུ་བཞིན་སྐྱོང་མཛད་བསང་། །རྣལ་འབྱོར་སྡོང་གྲོགས་མཛད་པ་བསང་།སྡང་དགྲ་རྡུལ་དུ་བརླག་པ་བསང་། །འཁོར་དང་སྤྲུལ་པར་བཅས་པ་བསང་། །བསང་མཆོད་དམ་པ་འདི་བཞེས་ལ། །སྔོན་གྱི་དམ་བཅའ་རྗེས་དགོངས་ལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྡོང་གྲོགས་ཁྱོད་ཀྱིས་མཛོད། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཐམས་ཅད་སོལ། །ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་སྤེལ། །འཁོར་འདས་སྣང་སྲིད་དབང་དུ་སྡུས། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །བསམ་དོན་ཡིད་བཞིན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ། །ཅེས་ཀརྨ་ཨ་རཱ་གས་མཛད་པའོ།། །།


previousརྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད།next