Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གཡུ་སྒྲོན་བསང་མཆོད་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གཡུ་སྒྲོན་བསང་མཆོད་ཡིད་བཞིན་ནོར་བུ།next

རྡོ་རྗེ་གཡུ་སྒྲོན་བསང་མཆོད་ཡིད་བཞིན་ནོར་བུ།


CMR036_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཡུ་སྒྲོན་བསང་མཆོད་ཡིད་བཞིན་ནོར་བུ་བཞུགས་སོ།། ཀྱཻ། ལྕམ་གཅིག་རྡོ་རྗེ་གཡུ་སྒྲོན་མ། །སྤྱན་རས་གཟིགས་ཀྱི་ལྕམ་གཅིག་མ། །ལྕམ་མོ་གཡུ་ཡི་སྒྲོན་མ་བསང་། །རྡོ་རྗེ་ལེགས་པའི་སྲིང་གཅིག་མ། །ཨ་ཞེ་རྡོ་རྗེ་གཡུ་སྒྲོན་བསང་། །སྐྱེས་བུ་ལུང་བཙན་ལྕམ་མོ་སྟེ། །གཙང་བཙན་རྡོ་རྗེ་གཡུ་སྒྲོན་བསང་། །ཙཱ་རི་ཏྲ་ཡི་ཞིང་སྐྱོང་མ། །ལྷ་མོ་རྡོ་རྗེ་གཡུ་སྒྲོན་བསང་། །བོད་ཁམས་སྐྱོང་བའི་བསྟན་འཛིན་མ། །བརྟན་མ་རྡོ་རྗེ་གཡུ་སྒྲོན་བསང་། །བོད་སྐྱོང་ལྷན་ཅིག་སྐྱེས་མ་སྟེ། །སྐྱོང་མ་རྡོ་རྗེ་གཡུ་སྒྲོན་བསང་། །ལྷ་འགྲོ་བཙུན་སྐྱི་འཐིང་ཡ་མ་སྐྱོངས། །ཡ་མ་རྡོ་རྗེ་གཡུ་སྒྲོན་བསང་། །ལྷ་མོ་མེ་ཏོག་མནྡ་ར། །ལྷ་མོ་རྡོ་རྗེ་གཡུ་སྒྲོན་བསང་། །འཇིག་རྟེན་གསུམ་དབང་མཛེས་པ་མོ། །མཛེས་སྡུག་ཇོ་མོ་གཡུ་སྒྲོན་བསང་། །ལྷོ་བྲག་སྨན་ལུང་མངའ་བདག་མོ། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་བསང་། །ཀེང་རུས་ལུས་ཅན་སྤྱན་གཅིག་མ། །ཤ་མེད་རྡོ་རྗེ་གཡུ་སྒྲོན་བསང་། །རྔ་ལུང་གནས་ཀྱི་མངའ་བདག་མོ། །ཇོ་མོ་རྡོ་རྗེ་གཡུ་སྒྲོན་བསང་། །གཡུ་བུན་མ་དང་གཡུ་ཞགས་མ། །གཡུ་ཕྲིང་མ་དང་གཡུ་སྐྱིད་མ། །གཡུ་སྒྲོན་མཆེད་སྡེ་ལྔ་


CMR036_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསང་། །བོད་ཁམས་བརྟན་མ་བཅུ་གཉིས་དང་། །སྐྱོང་མ་ཡ་མ་བཅུ་གཉིས་བསང་། །ཡང་འཁོར་སྨན་མོ་འབུམ་ཕྲག་དང་། །བཀའ་འཁོར་སྡེ་བརྒྱད་ཡུལ་གྱི་ལྷ། །མ་ལུས་འཁོར་དང་བཅས་པ་བསང་། །བདག་ཅག་རྣལ་འབྱོར་སྒྲུབ་མཆོག་ལ། །འཆི་མེད་ཚེ་དང་སྣང་གསལ་པྲ། །བང་མཛོད་འབྲུ་དང་རྐང་བཞི་ཕྱུགས། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །དལ་ཡམས་རྐྱེན་ཁ་དགྲ་ལ་སྒྱུར། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད།ཁྱད་པར་དེང་སང་སྙིགས་མའི་མཐའ། །བསྟན་དང་འགྲོ་ལ་སྙིང་བརྩེའི་ཕྱིར། །པདྨ་འབྱུང་གནས་བསྟན་པ་དང་། །བསྟན་འཛིན་བརྒྱུད་པར་བཅས་རྣམས་ལ། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་སྔགས་འཆང་རཱ་ག་ཨ་སྱས་འབྲོག་རུ་ཅན་གྱི་མདར་སྦྱར་བའོ།། །།


previousརྡོ་རྗེ་གཡུ་སྒྲོན་བསང་མཆོད་ཡིད་བཞིན་ནོར་བུ།next