Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཏི་ཐང་སྤོམ་གསུམ་བསང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཏི་ཐང་སྤོམ་གསུམ་བསང་བསྡུས།next

ཏི་ཐང་སྤོམ་གསུམ་བསང་བསྡུས།


CMR036_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཐང་སྤོམ་གསུམ་བསང་བསྡུས་བཞུགས། ཡུལ་ལྷའི་གཏོར་མ་རྒྱན་ལྡན་བཤམས་ལ། རཾ་ཡཾ་ཁཾ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧི༔ བཛྲ་སྤ་ར་ཎ་ཁཾ་སྭཱ་ཧཱ། ལན་གསུམ།་ཧཱུྃ། ཏི་སེ་གངས་ལ་གནས་པ་ཡི། །ལྷ་བཙན་རྡོ་རྗེ་འབར་བ་སོགས། །སྟོད་ཀྱི་གཞི་བདག་འཁོར་དང་བཅསཾ། །འདམ་ཤོད་གངས་ལ་གནས་པ་ཡི། །ཐང་ལྷ་རྡོ་རྗེ་འབར་བ་རྩལ། །དབུས་ཀྱི་གཞི་བདག་འཁོར་དང་བཅས། །རྨ་ཡུལ་གངས་ལ་གནས་པ་ཡི། །སྤོམ་ར་རྡོ་རྗེ་གཡུང་དྲུང་རྩལ། །སྨད་ཀྱི་གཞི་བདག་འཁོར་དང་བཅས། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །བོད་ཡུལ་བརྟན་མ་བཅུ་གཉིས་སོགས། །སྟོང་གསུམ་འཛམ་གླིང་ཡུལ་ཕྱོགས་འདིའི། །ལྷ་ཀླུ་གཉན་དང་གཞི་བདག་རྣམས། །མ་ལུས་འཁོར་བཅས་གནས་འདིར་བྱོན། །རང་མཐུན་དགྱེས་པའི་གདན་ལ་བཞུགས། །མཉེས་རྫས་མཆོད་པ་བཞེས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐང་། །སྔོན་གྱི་གཡར་དམ་མ་གཡེལ་བར། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཁ་འཛིན་སྡོང་གྲོགས་མཛད་དུ་གསོལ། །བསྟན་དང་འགྲོ་ལ་ཕན་བདེ་ཡི། །ལེགས་ཚོགས་གོང་དུ་འཕེལ་བ་སོགས། །ཆོས་


CMR036_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་བསམ་པ་འགྲུབ་པར་མཛོད། །ཁྱེད་རྣམས་སྲིད་པ་སྐྱོང་བའི་ལྷ། །བདག་ཅག་ཡུལ་འདིར་གནས་པའི་མི། །མིས་ཀྱང་ལྷ་ལ་རྟག་ཏུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །པདྨ་དབང་གི་བཀའ་བཞིན་དུ། །རྣལ་འབྱོར་སྐྱོང་ལ་བསྟན་པ་སྤེལ། །བསྟན་འགྲོའི་དོན་ཀུན་འགྲུབ་པ་ཡི། །བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ། །དབྱེར་མེད་རྟག་ཏུ་སྐྱོང་བར་མཛོད། །ཨོཾ་ཨཱཧཱུྃ་ཧཱུྃ༔ བཛྲ་འབར་བ་རྩལ་བིབྷཾ་བཾ་ཧཱུྃ་ཕཊ༔ བཛྲ་ཐང་ཀཱ་ར་མུན་ཉིད་ཁུ་ཤ་ལི། མ་ནུ་ཥ་ནཱ་ག་ར་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་མི་ཁེ་བྷྱ༔ སརྦ་ཏཏྟཾ་ཨུཏྟ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨགྷཾ་པཱཏྱཾ་པུཎྚི་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་ཏྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གསོལ་ལོ་མཆོད་དོ། །གངས་ཏི་སེ། གཉན་ཐང་ལྷ། རྨ་སྤོམ་ར། ཁྲོ་ཟིལ་ཁྲོམ། འབྲི་གཉན་དང་། དགེ་བསྙེན་ཐོག་སྲས། བྱ་རྒྱལ་མེ་ཏྲི། ཡུལ་ལྷ་གཞི་བདག་རྗེ་འཁོར་དང་བཅས་པ་ལ་གསོལ་ལོ། །མཆོད་དོ། །མགུར་ལྷ་བཅུ་གསུམ། སྲིད་པའི་ལྷ་དགུ། བརྟན་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག །རི་དབང་སྤུན་དགུ། ཕོ་ལྷ།


CMR036_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལྷ། ཝེར་མ་ཟོ་དོར། ཁ་འཛིན། རྒྱབ་རྟེན། སྡོང་གྲོགས། དཔའ་ཡ་དཔུང་གྲོགས། མགོན་སྐྱབས་རྒྱབ་རྟེན་མཛད་པའི་ལྷ་སྲུང་ཐམས་ཅད་ལ་གསོལ་ལོ། །མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་དངོས་གྲུབ་རྒྱ་ཆེན་པོ་སྩོལ་བའི་ཕྲིན་ལས་རྒྱུན་མི་འཆད་པར་མཛད་དུ་གསོལ། ཞེས་གཏོར་མ་འབུལ་ལ་རོལ་མོ་བྱའོ། །ཡུལ་ལྷ་སྒེའི་གསོལ་ཀ་ཁྱེར་བདེ་བར་རཱ་ག་ཨ་སྱས་སྦྱར་བའོ།། །།


previousཏི་ཐང་སྤོམ་གསུམ་བསང་བསྡུས།next