Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་སྲུང་རྨ་རྒྱལ་སྤོམ་རའི་བསང་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་སྲུང་རྨ་རྒྱལ་སྤོམ་རའི་བསང་ཡིགnext

གཏེར་སྲུང་རྨ་རྒྱལ་སྤོམ་རའི་བསང་ཡིག


CMR036_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་རྨ་རྒྱལ་སྤོམ་རའི་བསང་ཡིག་བཞུགས་སོ།། ཀྱཻ། གངས་དཀར་གཉན་གྱི་ཤེལ་བྲག་ཏུ། །གཉན་ཆེན་རྨ་རྒྱལ་སྤོམ་ར་ནི། །ཡ་མཚན་དུང་མི་དཀར་པོ་ཡི། །དུང་ཁྲབ་དཀར་པོ་སྐུ་ལ་གསོལ། །དབུ་ལ་དངུལ་དཀར་རྨོག་ཞུ་གསོལ། །ཉི་ཟླའི་ཕོད་རྒྱན་ཀྱི་ལི་ལི། །ཕྱག་གཡས་ཤེལ་གྱི་སྦ་ལྕག་བསྣམས། །གཡོན་པས་དར་མདུང་དཀར་པོ་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །དུང་རྟ་རི་ལོགས་ཙམ་ལ་ཆིབས། །རིན་ཆེན་རྟ་སྒ་ཝངས་སེ་ཝང་། །གསེར་སྲབ་གཡུ་མཐུར་སི་ལི་ལི། །རྨ་སྲས་དུང་མི་དཀར་པོ་དགུ། །སྤུ་རིས་ལྡན་པའི་རྟ་དགུ་ཆིབས། །དུང་རྨོག་ཤེལ་བེར་སྐུ་ལ་གསོལ། །སྟག་རས་གཟིག་ཤུབས་མདུང་དར་བསྣམས། །སྲིང་མོ་ལྕམ་དགུ་ཡུམ་དང་བཅས། །ཤ་རྐྱང་རྒོད་གཙོ་བྲན་དང་རོལ། །དར་གོས་རིན་ཆེན་སྣ་ལྔས་བརྒྱན། །སྦ་གླིང་མེ་ལོང་ཕྱག་ན་བསྣམས། །སྲིང་ལྕམ་བཞི་བཅུ་རྩ་ལྔ་དང་། །རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆེད། །ཡང་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཕྱི་འཁོར་སུམ་བརྒྱ་དྲུག་ཅུ་དང་། །རྨ་སྨན་འབུམ་དང་བཅས་པ་ཡིས། །རྨ་གཉན་ལྕམ་དྲལ་འཁོར་བཅས་


CMR036_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །འདིར་གཤེགས་བསང་གི་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་བསང་། །རྨ་གཡང་ཟས་དང་བང་མཛོད་འབྲུ། །རྐང་བཞི་ནོར་དང་སྙན་གྲགས་སྟོབས། །རིགས་རྒྱུད་འཕེལ་དང་བཙན་དར་ཕྱུག །དཔུང་ཆེན་དངོས་གྲུབ་བདག་ལ་སྩོལ། །ཡག་ཁ་ཟུང་ལ་རྒྱལ་ཁ་བསྐྱེད། །པད་འབྱུང་བཀའ་ལས་མ་འདའ་བར།བདག་གི་ཅི་བསམ་ཐམས་ཅད་ནི། །དོན་རྣམས་མྱུར་འགྲུབ་ཕྲིན་ལས་མཛོད། །ཉམས་ཆག་ཐམས་ཅད་ཞི་བར་མཛོད། །ནད་གདོན་བར་ཆད་བསལ་དུ་གསོལ། །བཙའ་སད་སེར་གསུམ་ཞི་བར་མཛོད། །ནོར་ནད་གློ་གོར་ཧོན་གསུམ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་དོན་གཉེར་འགའ་ཡི་ངོར་རཱ་ག་ཨ་སྱས་བྲིས། མངྒ་ལཾ།།


previousགཏེར་སྲུང་རྨ་རྒྱལ་སྤོམ་རའི་བསང་ཡིགnext