Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་རྒྱལ་ཤེ་ནེའི་བསང་མཆོད་འཁོར་བསང་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་རྒྱལ་ཤེ་ནེའི་བསང་མཆོད་འཁོར་བསང་བསྡུས་པ།next

སྐུ་རྒྱལ་ཤེ་ནེའི་བསང་མཆོད་འཁོར་བསང་བསྡུས་པ།


CMR036_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྒྱལ་ཤེ་ནེའི་བསང་མཆོད་འཁོར་བསང་བསྡུས་པ་བཞུགས་སོ། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །སྟོང་པའི་ངང་ལས་དྷིཡིག་ཡོངས་གྱུར་ལས། །དུད་པའི་ལྷ་མོ་མཛེས་སྡུག་མཚུངས་པ་མེད། །དར་དང་རིན་ཆེན་དུ་མའི་རྒྱན་དང་ལྡན། །གཡས་པས་ཁྲུས་བུམ་བསྣམས་པས་ཉམས་གྲིབ་བཀྲུ། །གཡོན་པས་སྨན་གཞོང་དུད་པ་སྤྲིན་ལྟར་གཏིབས།སྤོས་ཀྱི་དྲི་ཞིམ་སྟོང་གསུམ་འཇིག་རྟེན་ཁྱབ། །དུད་པའི་ཟེར་མ་ཆ་ཤས་རེ་རེ་ལ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །འདོད་པའི་ཡོན་ཏན་སྣ་ཚོགས་ཆར་ལྟར་འབེབས། །བཛྲ་དྷུ་པེ་ཧཱུྃ་གིས་བྱིན་བརླབས་ནས། །འདི་འདྲའི་ཡ་མཚན་བསང་གི་མཆོད་པ་འདིས། །པདྨ་འབྱུང་གནས་སྐུ་ལྔ་མཚན་བརྒྱད་བསང་། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད། །སངས་རྒྱས་རས་ཆེན་རྒྱལ་བ་རང་བྱུང་བ། །ཀཾ་ཚང་བརྒྱུད་པའི་བླ་མ་ཐམས་ཅད་བསང་། །བཀའ་དགོངས་ཕུར་གསུམ་བདེ་མཆོག་ཡབ་ཡུམ་དང་། །གུ་དྲག་རྟ་མགྲིན་ཡི་དམ་ལྷ་ཚོགས་བསང་། །རྡོ་རྗེ་བེར་ཆེན་མ་ནིང་སྲིན་མགོན་སོགས། །མགོན་ཆེན་བདུན་ཅུ་རྩ་ལྔ་འཁོར་བཅས་བསང་། །རང་བྱུང་རྒྱལ་མོ་དུད་


CMR036_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ལྷ་མོ་སོགས། །མྱུར་མགྱོགས་ལྷ་མོ་བྱེ་བ་འབུམ་སྡེ་བསང་། །དཔལ་མགོན་བདུན་ཅུ་བརྟན་མ་མགུར་ལྷ་དང་། །སྲིད་པ་ཆགས་པའི་ལྷ་དགུ་ཐམས་ཅད་བསང་།འཁོར་ལོ་སྡོམ་པ་གསུང་གི་གནས་མཆོག་གི །ཁའུ་བྲག་གི་གནས་ལག་མགོན་པོ་རྫོང་། །ཞལ་ཕག་ལྷ་མོ་གནས་བདག་གཡུ་སྒྲོན་བསང་། །ཐུགས་རྗེ་ཆེན་པོའི་གནས་བདག་ཡུལ་གྱི་མིང་། །གནས་སྲུང་རྨ་རྒྱལ་སྤུན་དགུའི་གནས་བདག་བསང་། །ཙཱ་རི་ཏྲ་ཡི་གནས་ལག་སྲིན་མོ་རྫོང་། །མ་སྲིང་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་བསང་། །གནས་བདག་བྱ་རོག་གདོང་དགུ་ཞིང་སྐྱོང་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཐམས་ཅད་བསང་། །དཔལ་ཆེན་རྟ་མགྲིན་སྤྲུལ་པ་དྲག་རྩལ་ཅན། །རྡོ་རྗེ་ལེགས་པ་མཆེད་དགུ་འཁོར་བཅས་བསང་། །སྐྱེས་བུའི་བློན་པོ་ཡམ་ཤུད་དམར་པོ་ནི། །སྐུ་རྒྱལ་ཤེ་ནེ་བཙན་འཁོར་སུམ་བརྒྱ་བསང་། །དེ་ཡི་ཡུམ་ནི་མཛེས་ལྡན་སྨན་དཀར་མ། །སྐུ་ལ་དར་དཀར་གསོལ་ཞིང་སྨན་ཤ་ཆིབས། །ལྷ་སྨན་འཁོར་དང་བཅས་པ་ཐམས་ཅད་བསང་། །རྒྱབ་ཀྱི་ཕྱོགས་ཀྱི་ཀླུ་མོ་སྦྲུལ་མགོ་ཅན། །ཀླུ་མོ་དགུ་སོགས་ཚ་སྨན་ཀླུ་དགུ་བསང་། །བདག་


CMR036_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཙུན་མོ་བརྟན་མ་བཅུ་གཉིས་དང་། །ཡབ་ཡུམ་སྲས་འཁོར་སྲིང་ལྕམ་ཐམས་ཅད་བསང་། །གཉན་ལྕམ་དགུ་དང་སྲིང་ལྕམ་ཀླུ་མོ་དགུ། །སྲས་པོ་ལྷ་བུ་དགུ་དང་བཅས་པ་བསང་། །དེ་ཡི་བཀའ་བློན་གཤིན་རྗེ་གཟིག་མགོ་ཅན། །ངོམ་རྒྱལ་མཚོ་བཀྲ་འཁོར་དང་བཅས་པ་བསང་། །གཡས་ཀྱི་མདའ་ར་སྒོ་སྲུང་ནེམ་ནེ་དང་།ཟླཡོལ་རྒྱལ་སྟག་རྩེ་འཁོར་དང་བཅས་པ་བསང་། །གཡོན་གྱི་མདུང་ར་བཙན་ཤྭ་ངར་བ་བསང་། །སྒོ་སྲུང་ཀ་ན་མཆེད་བརྒྱད་འཁོར་བཅས་བསང་། །བློན་པོ་དུང་རྣ་དཀར་པོ་དུང་ཐོད་ཅན། །ཆམ་ལའི་གནས་བདག་ཚོང་དཔོན་དཀར་པོ་བསང་། །དགེ་བསྙེན་ཤེ་དཀར་གཉན་ཆེན་ཤེ་ནག་དང་། །གཉན་ཕྲན་ས་བདག་མ་ལུས་ཐམས་ཅད་བསང་། །བློན་པོ་སྤོ་རྒྱལ་སྦ་སྨྱུག་ལྡེམ་ལྡེམ་དང་། །སོ་པ་སེ་ར་ནག་ལྕོག་འཁོར་བཅས་བསང་། །མོ་མ་མོ་ནོམ་ཨ་མྱེ་བླ་མཆོད་དང་། །ཐེའུ་རང་མགར་བ་སྤྱན་དགུ་ཁྱི་རྫི་དཀར། །འཁོར་གཡོག་སུམ་བརྒྱ་དྲུག་ཅུ་འཁོར་བཅས་བསང་། །ཁྱད་པར་ཡུལ་ཕྱོགས་འདི་རུ་གནས་པ་ཡི། །ས་བདག་གཞི་བདག་ལྷ་ཀླུ་འཁོར་བཅས་བསང་། །ཕྱེ་མར་གཡུ་ཤུག་གསུར་གྱི་


CMR036_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པས་བསང་། །ཇ་ཆང་ཕུད་རྒོད་འབྲུ་སྣ་ཟས་ཕུད་འབུལ། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམ་གྱུར་ཅིག །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག །ཕ་མྱེས་རིགས་ནས་ད་ལྟ་ཡན་ཆོད་དུ། །ཕོག་ཐུག་འགྲམ་འཁྲུག་ཐམས་ཅད་ཞི་གྱུར་ཅིག །ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ། །ཡུལ་ཕྱོགས་འདི་རུ་དམག་དང་འཁྲུག་པ་ཞི། །བདེ་སྐྱིད་ལྷ་ཡུལ་ལྟ་བུར་རྒྱས་པར་མཛོད། །སྒྲུབ་བརྒྱུད་བསྟན་པ་དར་ཞིང་རྒྱས་པ་དང་། །རྒྱལ་ཁམས་བདེ་ཞིང་བཀྲ་ཤིས་ཆོས་འཕེལ་བ། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་རཱ་ག་ཨ་སྱས་མཛད་པའོ།། ཞལ་དྲོ།།


previousསྐུ་རྒྱལ་ཤེ་ནེའི་བསང་མཆོད་འཁོར་བསང་བསྡུས་པ།next