Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་བསྙེན་ཡེ་བརྫུ་ལྷ་བྲག་འཁོར་བཅས་ཀྱི་བསང་ཡིག
   
   
   
   
   
   
   
   
   
   


 
previousདགེ་བསྙེན་ཡེ་བརྫུ་ལྷ་བྲག་འཁོར་བཅས་ཀྱི་བསང་ཡིགnext

དགེ་བསྙེན་ཡེ་བརྫུ་ལྷ་བྲག་འཁོར་བཅས་ཀྱི་བསང་ཡིག


CMR036_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་ཡེ་བརྫུ་ལྷ་བྲག་འཁོར་བཅས་ཀྱི་བསང་ཡིག་རཱ་ག་ཨ་སྱས་མཛད་པ་བཞུགས་སོ།


CMR036_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བསང་རྫས་མཆོད་པ་རྣམས་རྒྱས་པར་བཤམས། མདའ་དར་དར་སྣ་ལྔ་བཏགས་པ། བྱ་རྒོད་དང་རུ་དང་བཤོས་བུ་རྩེ་ལྔ་བྱ།་ཡར་ངོས་གཟའ་སྐར་དུས་བཟང་རེ་བྱ། དེས་ཀྱང་གོད་ཁ་ན་ཚ་ཞི། ཐག་རིང་འགྲོ་དུས་རིར་བསངས་བྱས་ན་ལམ་བསང་ཞེས་བྱ་ལམ་སྲུང་མཆོག །ལྷ་བྲག་དཀར་པོ་ལ་སོགས་པ། །དེ་ཡི་མདུན་དུ་མཆོད་པ་བཤམས། །འདི་ཉིད་ཚར་གྲངས་དུ་ཐོན་འདོན། །ལྷ་གསོལ་ལྷ་ངོ་བསྟོད་པའི་མཆོག །རྙིང་མ་གྱེར་བསྒོམ་ཡིན་པའི་ཕྱིར། །འདོན་ཚིག་ཚིག་དོན་ཡིད་ཀྱིས་བསྒོམ། །འདི་ནི་གསང་སྔགས་ཨ་ཏིའི་ལུགས། །དུག་ཕྱུང་མཆོད་པ་བྱིན་རླབས་དང་། །བསང་སྦྱངས་ལ་སོགས་མི་དགོས་སོ།། ན་མོ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་གནས་ལ། །སྙིང་ནས་སྐྱབས་ཞུ་གློ་


CMR036_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་བྲང་གསུམ་གཏད། །འཇིག་རྟེན་ཕན་ཕྱིར་བསང་མཆོད་བདག་གིས་བྱ། །ཆོས་རྣམས་ཡེ་ནས་སྟོང་ཉིད་རྫོགས་པ་ཆེ།མཁའ་ལ་ཉི་ཤར་བཞིན་དུ་རང་ཉིད་ནི། །རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག་ནག་འབར། །ཞལ་གཅིག་སྤྱན་གསུམ་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །ཟབ་བེར་ཆོས་གོས་མི་མགོའི་ཕྲེང་བས་བརྒྱན། །དབུ་སྐྲ་ཐོར་ཚུགས་དར་དམར་ཅོད་པན་འཕུར།། སྙན་ཆ་དུང་གི་ཝང་མིག་མཛེས་པས་བརྒྱན། །ཞབས་གཉིས་འདོར་ཐབས་སྟག་མོ་གྲུས་མའི་སྟེང་། །འཇའ་གུར་ཐིག་ལེ་མེ་དཔུང་དབུས་ན་


CMR036_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་བསང་མགྲོན་སྤྱན་དྲངས་གྱུར། །ཧྲཱི༔ གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས།འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །འདིར་གཤེགས་ནམ་མཁའ་བར་སྣང་གང་བར་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་ཆེན་འབུལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །བསང་ཁང་དྷིལས་དུད་པའི་ལྷ་མོ་སྔོ། །ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །བཞེངས་ཐབས་པདྨ་ཟླ་བའི་གདན་ལ་འགྱིང་། །ཕྱག་གཡས་ཁྲུས་བུམ་ལྷ་སྲུང་ཉམས་གྲིབ་བཀྲུ། །ཕྱག་གཡོན་སྨན་གཞོང་སྤོས་སྤྲིན་ན་བུན་འཕྱུར། །ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་རྣམས།སྤོས་ཀྱི་འཁྲི་ཤིང་དྲ་བས་རབ་ཏུ་འབྲེལ། །དུད་པའི་ཆ་ཤས་ཟེར་མ་རེ་རེ་ཡང་། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །བཟའ་བཏུང་འདོད་ཡོན་སྣ་ཚོགས་ཆར་དུ་འབེབས་། །མགྲོན་རྣམས་མཉེས་བྱེད་མཆོད་པའི་སྤྲིན་དུ་གྱུར། །ཨོཾ་བཛྲ་ཨགྷཾ་སོགས། ཤཔྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཛམ་གླིང་སྤྱི་བསང་རྗེས་སུ་འདོན་ན་ནི།


CMR036_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡན་འདོན་ནི་མི་དགོས་སྒྱུར་བས་ཆོག །བསང་གི་སྔོན་འགྲོའི་ལེའུ་སྟེ་དང་པོའོ།། །།དེ་ནས་མཆོད་པ་གཅིག་བྱ་ཞིང་། །བསྡུ་ན་དེ་ཉིད་ཁོ་ནས་ཆོག་པ་སྟེ། །རྒྱས་པར་འོག་གི་ལེའུ་མཚམས་ཀུན་མཆོད། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །སྡོང་པོ་བཀོད་པའི་མདོ་ལས་བྱུང་། །གྲངས་མེད་བསྐལ་པའི་སྔོན་རོལ་དུ། །ནོར་བཟང་ཆོས་ཀྱི་དབང་ཕྱུག་གིས། །སིལ་སྙན་རོལ་མོའི་སྒྲ་བསྒྲགས་ཤིང་། །སྨྱོས་ཀྱི་རེང་བུས་བསང་བྱས་ཏེ། །ཞག་བདུན་བར་དུ་འཛམ་བུའི་གླིང་། །སྤོས་ཀྱི་ན་བུན་སྤྲིན་གྱིས་ཁེབས། །སངས་རྒྱས་ཆོས་དབྱིངས་འོད་ཟེར་ནི། །འཁོར་དང་བཅས་པ་མཆོད་པས་མཉེས། །བསོད་ནམས་ཚོགས་ཆེན་རྫོགས་པར་གྱུར།།དེ་བཞིན་དེ་རིང་བསང་མཆོད་འདིས། །ཤཱཀྱ་ཐུབ་པ་ལ་སོགས་པའི།ཕྱོགས་བཅུ་དུས་གསུམ་སངས་རྒྱས་བསང་། །པདྨ་འབྱུང་གནས་ལ་སོགས་པའི། །རྒྱ་བོད་རིག་འཛིན་ཐམས་ཅད་བསང་། །བདེ་མཆོག་ཡབ་ཡུམ་ལ་སོགས་པའི། །ཡི་དམ་ལྷ་ཚོགས་ཐམས་ཅད་བསང་། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་ཤཱཀྱའི་བསྟན་པ་ལ། །མུ་སྟེགས་གདུག་པའི་ཆོ་འཕྲུལ་གྱིས། །རྡོ་རྗེ་གདན་ལ་མེ་དགྲ་


CMR036_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དར་། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྤྱི་བསང་བསྡུས་པ་མཛད། །རྒྱ་གར་སྲུང་མ་ཐམས་ཅད་མཉེས། །རྡོ་རྗེ་གདན་གྱི་གཙུག་ལག་ཁང་། །སྲ་བརྟན་རྡོ་ལས་གྲུབ་པ་བཞེངས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས། །སྔོན་བྱུང་སྲིད་པ་དེ་བཞིན་དུ། །བེར་གུར་ཕྱག་བཞི་ཕྱག་དྲུག་པ། །དུད་སོལ་མ་དང་སྔགས་སྲུང་སོགས། །རྒྱ་གར་སྲུང་མ་ཐམས་ཅད་བསང་། །ལུས་ངག་ཡིད་གསུམ་སྲུངས་ཤིང་སྐྱོབས། །སངས་རྒྱས་བསྟན་པ་དར་བར་མཛོད། །དེ་ནས་ནག་པོ་རྒྱ་ཡི་ཡུལ། །མགར་བློན་སྲོང་བཙན་ཡུལ་བཟུང་དུས། །ཇོ་མོ་རྒྱ་བཟའ་གདན་དྲངས་ཚེ། །རི་རྣམས་རྩེ་བསྣོལ་ལམ་བཀག་དུས། །བློན་པོ་མགར་གྱིས་བསངས་བྱས་པར། །ལམ་བྱེ་ཇོ་མོ་རྒྱ་བཟའ་ལོན། །དེ་བཞིན་དེ་རིང་བསང་མཆོད་འདིས། །ལེགས་ལྡན་བོང་འཛིན་བེར་ནག་ཅན། །རྣམ་སྲས་དམར་པོ་འབྲུག་ཞོན་སོགས། །རྒྱ་ནག་སྲུང་མ་ཐམས་ཅད་བསང་།།ཇི་དར་གོས་ཀྱི་དངོས་གྲུབ་སྩོལ། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་གངས་ཅན་བོད་ཀྱི་ཡུལ། །བསམ་ཡས་གཙུག་ལག་བཞེངས་པའི་དུས། །


CMR036_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁང་ཉིན་བཞེངས་མཚན་མོ་བཤིག །ནད་དང་གནོད་པ་སྣ་ཚོགས་བྱུང་། །ཨོ་རྒྱན་ཆེན་པོས་བརྔན་བསང་མཛད། །ལྷ་ཁང་བརྒྱ་དང་རྩ་བརྒྱད་གྲུབ། །ལེགས་པའི་ཡོན་ཏན་དཔག་ཏུ་མེད། །དེ་བཞིན་དེ་རིང་བསང་མཆོད་འདིས། །སེམས་དཔའ་ནམ་མཁའི་སྙིང་པོ་སྤྲུལ། །ས་བརྒྱད་ནོན་པའི་སེམས་དཔའ་སྟེ། །ཇོ་བོ་གཉན་ཆེན་ཐང་ལྷ་བསང་། །ཡུམ་ནི་བརྒྱ་བྱིན་སྲས་མོ་བསང་། །བློན་པོ་ཐང་འབྲིང་ངུར་པོ་བསང་། །ལྷ་འཁོར་སུམ་བརྒྱ་དྲུག་ཅུ་བསང་། །བོད་ཡུལ་ཀླུ་རྣམས་ཀུན་གྱི་རྗེ།། རྒྱལ་མ་གྲོས་གཟི་ཅན་བསང་། །རྒྱལ་འགོང་དམ་སྲིའི་གནོད་པ་ཟློག །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །དེ་ནས་བསྟན་པ་ཕྱི་དར་ལ། །སོག་གི་ཆུ་ལ་ཟམ་བཙུགས་ཚེ། །ཀླུ་བདུད་ནག་པོའི་ཆོ་འཕྲུལ་སྟོན། །སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །འཛམ་གླིང་སྤྱི་བསང་རྒྱས་པ་མཛད། །དམ་ལ་ཐོག་ནས་ལྕགས་ཟམ་ཚུགས། །དེ་བཞིན་དེ་རིང་བསང་མཆོད་འདིས། །ས་བརྒྱད་ནོན་པའི་སེམས་དཔའ་སྟེ། །སངས་རྒྱས་མཆེ་བ་གཡོན་པའི་བདག །རྒྱ་གར་གྲོང་ཁྱེར་སྒྲ་སྒྲོག་དང་། །བོད་ཀྱི་ཡུལ་གྱི་གནས་


CMR036_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད། །ཆུ་ཆེན་བཅོ་བརྒྱད་བདག་པོ་སྟེ། །མཁར་ནག་རྡོ་རྗེ་རྒྱལ་པོ་བསངས། །ཡུམ་ཆེན་ན་ར་སིང་སྔོན་བསང་། །བློན་པོ་བར་བློན་ཆེན་པོ་བསང་། །དབུས་གཙང་ཁམས་གསུམ་ཐམས་ཅད་ཀྱི། །ཆུ་བོ་ཆུ་མདོ་ཐམས་ཅད་ལ། །གནས་པའི་འཁོར་དང་སྤྲུལ་པ་བསང་། །ཆུ་དགྲ་ཀླུ་ནད་གནོད་པ་ཟློག །སྔོན་གྱི་ཁས་བླངས་དམ་བཅས་ལྟར་། །སྒྲུབ་བརྒྱུད་བསྟན་པ་དར་བར་མཛོད། །བསང་རྒྱུད་བྱུང་ཁུང་ལེའུ་སྟེ་གཉིས་པའོ།། །།དེ་ནས་བསང་གཞུང་དངོས་གཞི་ནི། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །བདེ་མཆོག་རྟ་ཕག་ཡབ་ཡུམ་དང་། །ཐུབ་དབང་འཕགས་པ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས། །ཡུལ་ཆེན་ཉི་ཤུ་རྩ་བཞི་ན། །གནས་ཆེན་སུམ་ཅུ་སོ་གཉིས་བྱུང་། །གནས་ཡུལ་དཔའ་བོ་མཁའ་འགྲོ་བྱུང་། །ཁྱད་པར་གངས་ཅན་བོད་ཡུལ་དུ། །གངས་རི་ཏི་སེ་ལ་སོགས་པའི། །གནས་ཆེན་བརྒྱ་དང་རྩ་བརྒྱད་བྱུང་། །གནས་ཆེན་བརྒྱ་རྩའི་གནས་བདག་སྟེ། །ཞིང་སྐྱོང་ཀུན་དགའི་གཞོན་ནུ་བསང་། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་འཁོར་བཅས་བསང་། །གནས་ཆེན་དཔལ་གྱི་ཙཱ་རི་


CMR036_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ། །རང་བྱུང་མཆོད་རྟེན་ཆེན་པོ་ཡི། །ལྷ་ཚོགས་ཉིས་སྟོང་བརྒྱད་བརྒྱ་བསང་། །བལ་ཡུལ་གྲུབ་པའི་གནས་བདུན་ནས། །རོང་བཙན་ཁ་བ་དཀར་པོ་དང་། །ཀཾ་པོ་གངས་རི་ཡིན་ཆོད་དུ། །རྩྭ་རིའི་གནས་ཕྲན་སྟོང་རྩ་གཉིས། །ཡོད་ཅེས་རང་བྱུང་རྡོ་རྗེས་གསུངས། །གནས་ཆེན་གནས་ཕྲན་དེ་དག་ཀུན། །ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས། །མ་འོངས་འགྲོ་ལ་ཕན་པའི་ཕྱིར། །གཏེར་ཁ་བྱེ་བ་ཕྲག་གཅིག་སྦས། །ཡུལ་གླིང་ཆེ་སར་གཏེར་ཆེན་རེ། །ཡུལ་གླིང་ཆུང་སར་གཏེར་ཕྲན་རེ། །ཨོ་རྒྱན་བརྗེད་ཐོ་ཡིན་པར་གསུངས། །དྲན་ཆོག་ཨོ་རྒྱན་རྒྱལ་པོ་བསང་། །གྲུ་གུའི་ལྷ་བྲག་དཀར་པོ་དང་། །སྤོམ་བྲག་ཇོ་ཕོ་ཇོ་མོ་དང་། །དཀར་ཡུ་སེ་ཡུ་གཡང་འབེབས་སོགས། །གནས་ཕྲན་སྟོང་རྩའི་གནས་བདག་ནི། །ཀུན་དགའ་གཞོན་ནུའི་སྤྲུལ་པ་སྟེ། །མཚན་ནི་མེ་རླུང་སེང་ཕྲུག་ཡིན། །ཡབ་ཡུམ་གཉིས་ཀ་སེང་གེའི་ཞལ། །ཡུམ་གྱི་དབུ་སྐྲ་དམར་སེར་ལ། །ཡབ་ནི་གཡུ་ཡི་རལ་པ་སྤྲུགས། །གཉིས་ཀ་སྐུ་མདོག་དཀར་པོ་ལ། །སྐུ་ལ་དར་དཀར་བེར་ཆེན་གསོལ། །མདུང་དར་དཀར་པོ་ཁཊཾ་གཡས། །


CMR036_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་ཐོད་པ་བདུད་རྩིའི་བཀང་། །ཆིབས་སུ་རྟ་དཀར་འཕུར་ཤེས་ཆིབས། །བམ་རོ་ཕོ་མོ་སྤྲེའུ་དཀར། །ལག་པ་བྱ་སྡེར་ས་ལ་འཛུགས། །རྐང་པ་གྱེན་བསྟན་དམར་གཏོར་འཛིན། །མེ་དཔུང་འབར་ཞིང་རླུང་ནག་འཚུབ། །ཉིན་གུང་དང་ནི་མཚན་གུང་ལ། །གནས་ཕྲན་སྟོང་རྩ་ལན་བདུན་ཉུལ། །དཔའ་བོ་མཁའ་འགྲོ་འཁོར་དང་བཅས་། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །བཟང་ཤིང་ཕྱེ་མར་དུད་པས་བསང་། །ཁྱོད་ནི་ཡང་དག་དོན་དུ་ནི། །འཁོར་ལོ་སྡོམ་པའི་སྤྲུལ་པ་སྟེ། །བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལ། །ཁྱོད་ནི་ཞིང་ཁམས་ཀུན་གྱི་བདག །ཕྱི་མ་དག་པའི་ཞིང་དུ་སྐྱོལ། ཀྱཻ། སྔ་དར་བསྟན་པའི་ཕྱི་མ་ལ། །བཙད་པོ་མངའ་བདག་ཁྲི་རལ་དེས། །ཆུ་བོ་གང་གཱ་ཚུན་ཆོད་ཀྱི།།འཛམ་གླིང་སུམ་གཉིས་དབང་དུ་བསྡུས། །ནག་པོ་རྒྱ་ལ་དམག་ཆས་ཏེ། །གྲུ་གུའི་ཡུལ་དུ་ཕེབས་པའི་ཚེ། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས་། །མངོན་སུམ་ཉིད་དུ་དེར་བྱོན་ནས། །ཡུལ་འདི་ང་ཡི་སྐྱོང་བའི་ཡུལ། །ལས་སྒོ་ཆེན་པོ་བཅོ་བརྒྱད་ལྡན། །ཡུལ་འདིར་བཀའ་བཀྱོན་མི་གནང་ཞུ། །དེ་སྐད་གསོལ་


CMR036_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱག་ཀྱང་འཚལ། །ས་བརྒྱད་སེམས་དཔས་ཕྱག་འཚལ་བས། །རྒྱལ་པོ་ས་བཅུའི་སེམས་དཔའ་སྟེ། །ཕྱག་རྡོར་སྤྲུལ་པ་ཡོངས་སུ་གྲགས། །དེ་ལྟར་གྲུ་གུའི་ས་ཕྱོགས་ལ། །རང་བཞིན་ཤུགས་ཀྱིས་འཁོར་བ་དང་། །ཡུལ་དེས་སྐྱེ་འགྲོ་ཐམས་ཅད་ལ། །ཤིན་ཏུ་ཐུགས་བརྩེར་ལྡན་པའི་ལྷ། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །བཟང་ཤིང་ཕྱེ་མར་དུད་པས་བསང་། །འདས་པའི་སངས་རྒྱས་རིན་ཆེན་མང་། །མ་འོངས་སངས་རྒྱས་རིན་ཆེན་གདུགས། །ད་ལྟ་རྣམ་སྣང་ཐུགས་ལས་སྤྲུལ། །དུས་གསུམ་སངས་རྒྱས་སྤྲུལ་པ་སྟེ། །གྲངས་མེད་དུས་ནས་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་ནོར་ལྷའི་ཚུལ། །མགོན་པོ་རྣམ་ཐོས་སྲས་པོ་བསང་། །དཀར་སེར་དམར་ལྗང་མཐིང་ཁ་སོགས། །སྐུ་མདོག་མ་ངེས་ཅིར་ཡང་སྟོན། །ཞི་ཆས་ཁྲོ་ཆས་རྒྱལ་ཆས་དང་། །དམག་ཆས་ལ་སོགས་གང་འདུལ་སྐུ། །རྒྱལ་མཚན་བེ་ཅོན་མདུང་དར་གྲི། །ལྕགས་ཀྱུ་ནེའུ་ལེ་ཚེ་བུམ་འཛིན། །སེང་གེ་རྟ་སྔོན་གཡུ་འབྲུག་ཆིབས། །རྣམ་སྲས་རིགས་དགུ་འཁོར་བཅས་བསང་། །


CMR036_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་སེར་ཛཾ་ནག་གར་མཁན་མཆོག །དེ་སོགས་སྲས་པོ་ལྔ་བརྒྱ་བསང་། །ཀླུ་མོ་པདྨའི་གཙུག་ཕུད་ཅན། །གནོད་སྦྱིན་བུ་མོ་ཡིད་འཕྲོག་མ། །བཙུན་མོ་ལྔ་བརྒྱའི་ཚོགས་བཅས་བསང་། །ཡབ་ནི་དྲང་སྲོང་རྣམ་མང་ཐོས། །ལྷ་ཆེན་དབང་ཕྱུག་ཆེན་པོ་སྟེ། །འདོད་ལྷ་རིགས་དྲུག་འཁོར་བཅས་བསང་། །ཁྲོས་ཚེ་སྲིན་མགོན་ཐོད་ཕྲེང་ཅན། །མགོན་པོ་བྲམ་གཟུགས་ཞེས་བྱ་བ། །རྣམ་འགྱུར་ཉི་ཤུ་རྩ་གཅིག་བསང་། །ཡུམ་ནི་ལྷ་མོ་དཔལ་ཆེན་མོ། །བཅུ་གཉིས་མཚན་དང་ལྡན་མ་བསང་། །སྤྱན་ཟུར་ཙམ་ཞིག་གཟིགས་པས་ཀྱང་། །བསོད་ནམས་ལོངས་སྤྱོད་འཕེལ་མཛད་མ། །དེ་རིང་ཁྱོད་ལ་བསང་མཆོད་འབུལ། །བདག་དང་ཡོན་བདག་གཟིགས་ལགས་སམ། །ནོར་རྒྱུན་མ་ལ་སོགས་པ་ཡི། །ནང་སྐོར་ནོར་ལྷ་མོ་བརྒྱད་བསང་། །རྟ་བདག་གནོད་སྦྱིན་ཀུ་བེ་ར། །ལུག་ལྷ་གང་བ་བཟང་པོ་སོགས། །ནང་བློན་ནོར་ལྷ་མཆེད་བརྒྱད་བསངས། །ཆོས་སྤུན་དམག་དཔོན་སུམ་ཅུ་གཉིས། །ལྗོངས་ཅན་གནས་པ་བཅུ་དྲུག་དང་། །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ་སོགས། །རྒྱལ་ཆེན་ཕྱི་ཡི་བློན་རྣམས་བསང་། །འཁོར་ནི་གནོད་སྦྱིན་


CMR036_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཕྲག །དྲུག་ཅུ་དྲུག་ཅུའི་གྲངས་ལྡན་པ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དཔུང་རྣམས་འཇོམས་པར་བྱེད། །གཞན་གྱི་མི་ཐུབ་དྲག་ཤུལ་ཆེ།རྣམ་སྲས་འཁོར་དང་བཅས་པ་བསང་། །ཚེ་དང་བསོད་ནམས་མངའ་ཐང་སྟོབས། །ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད། ཀྱཻ། བཅོམ་ལྡན་པདྨ་ཧེ་རུ་ཀ །ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཐུགས་ལས་སྤྲུལ་པའི་འོད་ཟེར་ལས། །དམ་ཅན་རྡོ་རྗེ་ལེགས་པ་བྱུང་། །ངོ་བོ་གཅིག་ཀྱང་སྐུ་མཆེད་ཚུལ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུར་སྤྲུལ། །དང་པོ་ཕྱི་རོལ་པ་ཡི་བརྟེན། །སྐྱེས་བུ་སུམ་བརྒྱ་དྲུག་ཅུ་བསང་། །དེ་ནས་གཡུང་དྲུང་བོན་གྱི་བརྟེན། །ཝེར་མ་སུམ་བརྒྱ་དྲུག་ཅུ་བསང་། །དེ་ནས་ཐུབ་པའི་ཞལ་མཐོང་སྟེ། །ཕྱག་ན་རྡོ་རྗེས་དམ་ལ་བཏགས། །དམ་ཅན་སུམ་བརྒྱ་དྲུག་ཅུ་བསང་། །འདོད་རྒྱལ་སྐད་དུ་མཚན་གསོལ་བ། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་བསང་། །སྐྱེ་བོ་རྣམས་ཀྱིས་མཚན་གསོལ་བ། །དགྲ་ལྷ་སུམ་བརྒྱ་དྲུག་ཅུ་བསང་། །བུད་མེད་རྣམས་ཀྱིས་མཚན་གསོལ་བ། །རྫིའུ་སུམ་བརྒྱ་དྲུག་ཅུ་


CMR036_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །མོ་མ་རྣམས་ཀྱིས་མཚན་གསོལ་བ། །མདུད་ལྷ་སུམ་བརྒྱ་དྲུག་ཅུ་བསང་། །རྣོ་མཐོང་མཁན་གྱིས་མཚན་གསོལ་བ། །སྤྱན་རྣོན་སུམ་བརྒྱ་དྲུག་ཅུ་བསང་། མགྲོན་པོ་རྣམས་ཀྱིས་མཚན་གསོལ་བ། །ཅང་པོ་སུམ་བརྒྱ་དྲུག་ཅུ་བསང་། །བརྒྱ་ནི་རྒྱ་གར་ཡུལ་དུ་བཞུགས། །རྒྱ་གར་ཆོས་ཀྱི་སྲུང་མ་བསང་། །བརྒྱ་ཡི་ནང་གི་ཆེ་བ་ལ། །ཕུ་བོ་ཨ་ཇོ་ཆེན་པོར་གྲགས། །རྒྱ་གར་ནུབ་ཕྱོགས་དུར་ཁྲོད་དུ། །ཕ་བང་ལོང་བུ་མཁར་ན་བཞུགས། །དམ་ཅན་མགར་བ་ནག་པོ་བསང་། །བཀའ་སྡོད་གིང་ཆེན་སྡེ་བཞི་བསང་། །བདུད་འཁོར་སུམ་བརྒྱ་དྲུག་ཅུ་བསང་། །བརྒྱ་ནི་རྒྱ་ནག་ཡུལ་ན་བཞུགས། །རྒྱུ་ནག་གཙུག་ལག་སྲུང་མ་བསང་། །ལྔ་བཅུ་གེ་སར་ཡུལ་དུ་བཞུགས། །གེ་སར་དམག་གི་དགྲ་ལྷ་བསང་། །ལྔ་བཅུ་སྟག་གཟིག་ཡུལ་དུ་བཞུགས། །སྟག་གཟིག་ནོར་གྱི་ནོར་ལྷ་བསང་། །དྲུག་ཅུ་བོད་ཀྱི་ཡུལ་དུ་བཞུགས། །བན་བོན་རྣམས་ཀྱི་སྲུང་མ་བསང་། །དྲུག་ཅུ་ནང་གི་ཕུ་བོ་དེ། །གཙང་གི་ཤངས་དང་འོ་ཡུག་མཚམས། །ཕ་བང་ལོང་བུའི་མཁར་ན་བཞུགས། །གཙང་བཙན་རྡོ་རྗེ་ལེགས་པ་བསང་། །


CMR036_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་འཁོར་སུམ་བརྒྱ་དྲུག་ཅུ་བསང་། །ཤ་མེད་གངས་དཀར་ལ་སོགས་པའི། །དགྱེས་སྡེ་བརྟན་མ་བཅུ་གཉིས་བསང་། །དྲུག་ཅུ་ནང་གི་མཆེད་སྡེ་ལྔ།དགྲ་ལྷ་ཡེ་བརྫུ་མཆེད་ལྔ་བསང་། ཀྱཻ། མཆེད་ལྔ་བཞུགས་པའི་ཡུལ་བཙལ་བ། །རྒྱས་བས་ལུང་བསྟན་གདོང་དམར་ཡུལ། །གངས་ཅན་ཤར་ཕྱོགས་མདོ་ཁམས་སྒང་། །སྒང་ལྔའི་སྒང་གི་གཙོ་བོ་སྟེ། །སྤྱི་བོ་ལྷ་སྐྱིད་ལྷ་འབུར་སྒང་། །ཚ་བའི་རྫ་སྒང་རིང་མོའི་གཡོན། །རབ་སྟོང་ཚར་ཡུ་མར་སྒང་དང་། །བུ་འབོར་སྟག་སྒང་རིང་མོའི་གཡས། ། སྒང་མཆོག་སྨར་ཁམས་ཀེ་རུའི་སྒང་། །ལྷོ་ཡི་དིལ་ཆུ་ནག་མོ་དང་། །རྔུལ་ཆུ་དམ་འཇམ་མེར་བ་དང་། །ལྷོ་ཟླ་ངང་མ་གཡས་ནས་འབབ། །གཡས་འབབ་རྒྱལ་པོའི་ཕྱག་སྐར་གསུམ་། །རྨ་ཡུལ་རྨ་ཆུ་དལ་འཇམ་དང་། །ཟླ་ཆུ་འབྲི་ཆུ་གཡོན་ནས་འབབ། །གཡོན་འབབ་བཙུན་མོའི་གསེར་སྐྱེམས་གསུམ། །རྒྱ་མཚོའི་ལྟེ་བ་ཆུ་དྲུག་བསྐོར། །སྒང་རི་སྨར་ཁམས་ཀེ་རུའི་སྒང་། །ཡུལ་གྱི་མིང་ནི་གྲུ་གུའི་ཡུལ། །སྔོན་ཚེ་ཤེལ་བྲག་གཡུ་རྩེ་ལ། །དེང་སང་ལྷ་བྲག་དཀར་པོར་གྲགས། །ལྷ་བྲག་མཆེད་བརྒྱད་ཤེལ་གྱི་རྫོང་། །


CMR036_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཚེ་རི་མིང་རོག་སྣལ་ལ། །དེང་སང་རོ་ཕོ་ཞེས་སུ་གྲགས། །རོ་ཕོ་མཆེད་བརྒྱད་ལྕགས་ཀྱི་རྫོང་། །སྔོན་ཚེ་རི་མིང་གུར་ཆེན་ལ། །དེང་སང་གནས་པོ་གུར་མགོན་ཟེར།༔ རྡོ་རྗེ་གུར་ཆེན་རི་ཡི་རྫོང་། །ཀླུ་ཡི་མགོན་པོ་དཀར་པོ་ལ། །དེང་སང་ཆུ་མིག་དཀར་མོར་གྲགས། །རྒྱ་མཚོའི་ལྟེ་བ་ཀླུ་ཡི་རྫོང་། །སྔོན་ཚེ་ཟླ་རྒྱལ་སོང་ལུག་སྟེ། །ཟླ་རྒྱལ་འབྲི་ཅད་སེར་བའི་རྫོང་། །སྔོན་ཚེ་རྫོང་ཆེན་བཅོ་བརྒྱད་ཟེར། །མོ་ཁད་ལྷ་དང་ཐོག་གི་རྫོང་། །རྫོང་ཆེན་དྲུག་ལ་གནས་བཅས་ནས། །དངུལ་ཁ་མཐིང་ཁ་མཚལ་ཁ་དང་།གྲུ་གུའི་ལྷ་བྲག་གཏེར་སྒོ་སོགས། །སྨར་ཁམས་གཏེར་གྱི་གཏེར་སྲུང་དང་། །ར་ལ་རྣམ་པར་སྣང་མཛད་དང་། །འོར་རྔུ་བྱམས་པའི་བཀའ་སྲུང་དུ། །ཨོ་རྒྱན་ཆེན་པོའི་བསྐོས་པའི་ལྷ། །ཡེ་བརྫུ་ཆེན་པོ་འཁོར་དང་བཅས། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །མཆེད་ལྔའི་གཙོ་བོ་རོག་སྣལ་ནི། །སྐུ་མདོག་མ་ངེས་ཅིར་ཡང་སྟོན། །ར་རྒྱའི་ཐུལ་པ་རྒོད་ཐུལ་དང་། །སྟག་ཐུལ་བེར་ཆེན་སྣ་ཚོགས་མནབས། །གསེར་གྱི་རྡོ་རྗེ་སྦ་ལྕག་དང་། །ཐོག་ཞགས་ལྕགས་ཀྱུ་ཐོ་ལུམ་དང་། །མཁར་ཏེའུ་རྩེ་དགུ་ལ་སོགས་


CMR036_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །སྨུག་རྟ་སྤུན་གསུམ་ར་སྐྱེས་དང་། །ཅང་ཤེས་གཡུ་རྔོག་ལ་སོགས་བཅིབས། །རིན་ཆེན་པྲོག་ཞུ་སྟག་ལྡེམ་ཅན། །རྨོག་ཞུ་དར་ནག་སྲག་ཞུ་གསོལ། །རྡོ་རྗེ་ཕུར་པའི་བཀའ་སྲུང་ཚེ། །ཐེའུ་རང་སྟོང་སྡེའི་དམག་དཔོན་ཟེར། །སྐུ་བླ་ཡེ་བརྫུ་མཐུ་ཆེན་བསང་། །བྷུ་རྒྱལ་ཞང་བློན་ཆེན་པོ་བསང་། །མགོན་པོ་ཞང་བློན་བདུད་འདུལ་བསང་། །ཡུལ་ལྷ་རོག་སྣར་ཆེན་པོ་བསང་། །གནས་པོ་རྡོ་རྗེ་གུར་མགོན་བསང་། །སྡེ་དཔོན་སྐུ་བླ་གསང་བ་བསང་། །སྣང་སྲིད་དགྲ་ལྷའི་སྡེ་ཚོགས་བསང་། །རྡོ་རྗེ་ཕུར་པའི་བཀའ་སྲུང་ཚེ། །ཤར་ཕྱོགས་དཀར་པོ་ནོར་བསྙག་ཟེར། །དགྲ་ལྷ་དབུ་རུ་རྩེ་གསུམ་ནི། །མི་དཀར་གཡུ་ཡི་ཐོར་ཚུགས་ཅན། །དུང་དཀར་གཡས་འཁྱིལ་གཙུག་རྒྱན་བཏགས། །ཤེལ་གྱི་སྦ་ལྕག་བ་དན་ཕྱིར། །ལྷ་གཡག་དཀར་པོ་སེང་གེ་ཆིབས། །དགྲ་ལྷ་དབུ་རུ་རྩེ་གསུམ་བསང་། །རྒྱལ་དམག་ཡོངས་ཀྱི་དམག་དཔོན་བསང་། །ལྷ་དམག་བྱེ་བ་འབུམ་ཚོ་བསང་། །རྡོ་རྗེ་ཕུར་པའི་བཀའ་སྲུང་ཚེ། །བདུད་པོ་ཟུར་ར་ར་སྐྱེས་ཟེར། །དགྲ་ལྷ་ཝེར་ཕྲོམ་ཆེན་པོ་ནི། །དར་མཐིང་བེང་དང་


CMR036_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཁྲབ་གསོལ། །མདུང་དར་བ་དན་ཞགས་པ་བསྣམས། །གསེར་བྱ་ངང་པ་རྟ་ནག་དང་། །ཅང་ཤེས་ངང་པ་སེར་ག་བཅིབས། །སྐུ་ལྷ་ཝེར་ཕྲོམ་ཆེན་པོ་བསང་། །བདུད་ཀྱི་ཡང་བདུད་ཆེན་པོ་བསང་། །གཉན་བདུད་ཀུན་གྱི་དམག་དཔོན་བསང་། །གཉན་དམག་འབུམ་དང་བཅས་པ་བསང་། །རྡོ་རྗེ་ཕུར་པའི་བཀའ་སྲུང་ཚེ། །བཙན་དམར་ཤན་པ་ཀུས་འདེབས་ཟེར། །དགྲ་ལྷ་ཝེར་ལྡིང་ཆེན་པོ་ནི། །མི་དམར་དར་དམར་འགྱིང་ཐོད་ཅན། །བེར་དམར་གསོལ་ཞིང་མེ་དཔུང་འབར། །རལ་གྲི་མདའ་གཞུ་མདུང་དར་འཛིན། །མགྱོགས་པའི་བཙན་རྟ་དམར་ཞུར་ཆིབས། །སྐུ་ལྷ་ཝེར་ལྡིང་ཆེན་པོ་བསང་། །བཙན་གྱི་ཡང་བཙན་ཆེན་པོ་བསང་། །བཙན་རྣམས་ཡོངས་ཀྱི་དམག་དཔོན་བསང་། །བཙན་དམག་འབུམ་དང་བཅས་པ་བསང་། །རྡོ་རྗེ་ཕུར་པའི་བཀའ་སྲུང་བ། །མོན་པ་ནག་པོ་སྐུ་འཐེན་ཟེར། །དགྲ་ལྷ་ཝེར་གཤེགས་ཆེན་པོ་ནི། །མི་སྔོན་ཆུ་དར་སྔོན་པོ་གསོལ། །གསེར་གྱི་རྡོ་རྗེ་སྦ་ལྕག་ཕྱར། །ལྕགས་ཁྲོའི་ལྡེའུ་མེ་དཔུང་འཛིན། །ར་དམར་འགྱིང་ནག་ར་ཁམ་བཅིབས། །སྐུ་ལྷ་ཝེར་གཤེགས་ཆེན་པོ་བསང་། །


CMR036_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མོན་པ་འབུམ་གྱི་དམག་དཔོན་བསང་། །མོན་ནག་མགར་བའི་འཁོར་ཚོགས་བསང་། །ཇོ་མོ་གདོང་མོ་སྤུན་དགུ་ནི། །སྐུ་མདོག་དཀར་ལ་འཛུམ་མདངས་ཅན། །གཙོད་ཀྱི་རེ་གུ་མཛེས་པའི་སྟེང་། །དར་དཀར་གོས་ཟུང་སྐུ་ལ་གསོལ། །གསེར་གཡུ་ཤེལ་དང་མུ་ཏིག་བརྒྱན། །ཕྱག་ན་མེ་ལོང་སྣང་སྲིད་གསལ། །སྦ་གླིང་བསྒྱུར་ཞིང་རྒྱང་གླུ་ལེན། །གཙོད་མོ་ཁ་དཀར་རུ་རིང་བཅིབས། །སྐྱིན་མོ་འགྲོ་ཁམས་རོལ་དུ་ཁྲིད། །ཇོ་མོ་གདོང་མོ་སྤུན་དགུ་བསང་། །རྣོ་མཐོང་སྟོན་པའི་རྣལ་འབྱོར་བསང་།ཀླུ་སྨན་ཡོངས་ཀྱི་རྗེ་མོ་བསང་། །སྨན་ཕྲན་འབུམ་དང་བཅས་པ་བསང་། །མགོན་པོ་ཞང་བློན་མཐུ་ཆེན་ནི། །དགུང་སྔོན་དབྱིངས་སུ་གཤེགས་ཙམ་ན། །སེང་ཆིབས་སྐུ་མདོག་དཀར་པོ་སྟོན། །སྐུ་ལ་དར་དཀར་རིལ་ག་གསོལ། །ཕྱག་གཡས་ཤེལ་གྱི་སྦ་ལྕག་གཡུགས། །གཡོན་པས་ཐོག་དང་སེར་ཆེན་འདྲེལ། །གནམ་ལྷ་དཀར་པོ་ཞེས་སུ་གྲགས། །རང་འདྲ་བརྒྱ་དང་ཉི་ཤུས་བསྐོར། །ཡེ་བརྫུ་གནམ་ལྷ་དཀར་པོ་བསང་། །དཀར་པོ་ལྷ་ཡི་དགེ་བསྙེན་ཏེ། །སེང་ཞོན་བརྒྱ་དང་ཉི་ཤུ་བསང་། །ཐོག་སེར་གནམ་


CMR036_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཁ་ཁོག་ལ། །མངའ་ཐང་དགུང་བས་མཐོ་བས་མཛོད། །མཐུ་ཆེན་མགོན་པོ་ཡེ་བརྫུ་ནི། །བར་སྣང་ཁམས་སུ་བྱོན་ཙམ་ན། །སྟག་ཆིབས་སྐུ་མདོག་དམར་པོ་སྟོན།བསྲེ་ཁྲབ་བསྲེ་རྨོག་འཕྲུ་ཅན་དང་། །མདུང་དམར་ཕྱར་ཞིང་བཙན་ཞགས་འཕེན། །ཕྱག་ན་བཙན་གྱི་ཤྭ་རྡེལ་འགྲིལ། །སྤྲིན་ནག་རླུང་ཐོན་ནང་ན་རྒྱུག །རང་འདྲ་བརྒྱ་དང་ཉི་ཤུས་བསྐོར། །ཡེ་བརྫུ་བཙན་རྒོད་འབར་བ་བསང་། །སྟག་ཞོན་བརྒྱ་དང་ཉི་ཤུ་བསང་། །དམར་པོ་བཙན་གྱི་དགེ་བསྙེན་ཏེ། །དགེ་བསྙེན་ཡེ་བརྫུ་ཆེན་པོ་ནི། །ས་ཡི་སྟེང་དུ་བྱོན་ཙམ་ན། །ར་ཆིབས་སྐུ་མདོག་ནག་པོར་སྟོན། །སྐུ་ལ་དར་ནག་བེར་ཆེན་གསོལ། །གསེར་སྐད་རིན་ཆེན་འབར་བ་བཅིངས། །ཕྲིན་ལས་གློག་ལྟར་མྱུར་བར་མཛོད་། །གསེར་གྱི་རྡོ་རྗེ་ཐོ་བ་དང་། །སྦྱད་པ་ར་ཡི་རྒྱལ་མཚན་འཛིན། །བདུད་དམག་སུམ་བརྒྱ་དྲུག་ཅུ་བསང་། །རང་འདྲ་བརྒྱ་དང་ཉི་ཤུས་བསྐོར། །ནག་པོ་བདུད་ཀྱི་དགེ་བསྙེན་ཏེ། །ར་ཞོན་བརྒྱ་དང་ཉི་ཤུ་བསང་། །ས་འོག་ཡེ་བརྫུ་མཐུ་ཆེན་ནི། །སྨར་ཁམས་ཆུ་ཡི་བདག་པོ་སྟེ། །སྨར་ཁམས་ས་འོག་རྒྱ་མཚོའི་ནང་། །མཚོ་རླབས་རྦ་


CMR036_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཀྱི་ལི་ལི། །མཚོ་གླང་ངུར་དང་ཆེམས་སེ་ཆེམ། །ཆུ་གནས་སྣ་ཚོགས་ཉི་ལི་ལི། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ། །འོ་མའི་རྒྱ་མཚོ་མེ་རེ་རེ།རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཀླུ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །དེ་ན་སུ་བཞུགས་སུ་མི་བཞུགས། །འཇམ་དབྱངས་སྤྲུལ་པས་ས་བརྒྱད་ནོན། །ཀླུ་ཡི་མགོན་པོ་དཀར་པོ་བཞུགས། །ས་འོག་གནས་པའི་ཡེ་བརྫུ་སྟེ། །མགོན་པོ་ཡེ་བརྫུ་མཐུ་ཆེན་བསང་། །ཀླུ་རྒྱལ་མི་མགོན་མཆེད་བདུན་བསང་། །རྡོ་རྗེ་འོད་དཀར་ཆེན་པོ་བསང་།ཆར་འབེབས་ཆེན་པོ་ཞེས་བྱ་བསང་། །མི་མགོན་དཀར་པོ་ཞེས་བྱ་བསང་། །ལྡེམ་ལྡེམ་ར་ཙ་ཞེས་བྱ་བསང་། །རྡོ་རྗེ་ཀླུ་རྒོད་ཅེས་བྱ་བསང་། །ནག་པོ་དབལ་མདང་ཞེས་བྱ་བསང་། །ནམ་མཁའ་ས་གཞིར་བར་སྣང་ཀུན། །ཁྱོད་ཀྱི་སྤྲུལ་པས་ཁྱབ་པའི་ཕྱིར། །ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ཀླུ་བརྒྱད་གཙོ་བོ་བྱེད་པའི་ཕྱིར། །ལོ་བརྒྱད་བྱིས་གྱི་སྦ་རིན་ཆེན་བརྒྱན། །གདེངས་ཀ་བདུན་ལྡན་སྤྲུལ་འཇུག་འཁྱིལ། །ཟ་མ་ཏོག་དང་ནོར་བུ་འཛིན། །ཀླུ་རྒྱལ་མི་མགོན་དཀར་པོ་དང་། །ཀླུ་ཆེན་བརྒྱད་དང་བཅས་པ་


CMR036_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །བཙུན་མོ་ཀླུ་མོ་འོད་ལྡན་མ། །གསེར་མདོག་འཛུམ་མཛེས་རིན་ཆེན་བརྒྱན། །ཟ་མ་ཏོག་དང་ནོར་བུ་བརྒྱན། །སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། །ཀླུ་ཡི་རྗེ་མོ་འོད་ལྡན་མ། །ཀླུ་མོ་བརྒྱ་དང་བཅས་པ་བསང་། །ཀླུ་རྒྱལ་མི་ཡི་མགོན་བྱེད་ཚེ། །མི་དཀར་ཆུ་རྟ་སྔོན་པོ་བཅིབས། །ཕྱག་ན་ལྗོན་ཤིན་མེ་ཏོག་རྒྱས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །མི་བུ་ཚང་ནས་སྐྱེད་པ་དང་། །བྱིའུ་སྒོང་ནས་སྤོར་བར་མཛོད། །དབང་ཐང་མགོན་དུ་བྱེད་པའི་ཚེ། །གཡུ་མདོག་གླང་ཆེན་འགྱིང་པ་ཆིབས།ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གསེར་དངུལ་རིན་ཆེན་དངོས་གྲུབ་སྩོལ། །འབྲུ་དང་ལོ་ཏོག་མགོན་བྱེད་ཚེ། །སྐུ་མདོག་སྔོན་པོ་གཡུ་འབྲུག་བཅིབས། །ཕྱག་ན་འབྲས་ཀྱི་སྙེ་མ་བསྣམས། །འབྲུག་སྒྲོག་འབྲུ་ཡི་ཆར་པ་འབེབས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །ནོར་ཕྱུགས་སེམས་ཅན་མགོན་བྱེད་ཚེ། །མདོག་ལྗང་ཆུ་གླང་དཀར་པོ་བཅིབས། །སྤྲིན་འཁྲིགས་ཆར་འབེབས་རྩི་ཐོག་སྐྱེད། །རྟ་ཕྱུགས་


CMR036_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དུད་འགྲོ་འཕེལ་བར་མཛད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །དམག་དང་ཇག་ལ་འགྲོ་ཙམ་ན།གསེར་མདོག་བསྲེ་ཁྲབ་བསྲེ་རྨོག་ཅན། །འཁོར་གསུམ་བསྐོར་ནས་རྟ་དཀར་བཅིབས། །དར་དཀར་གསོལ་ནས་དགྲ་བོ་དབང་དུ་སྡུད། །འདིར་གཤེགས་བསང་དང་མཆོད་པ་བཞེས་། །ཕ་རོལ་དགྲ་དཔུང་ཆོམ་ལ་ཕོབ། །རྒྱལ་ཁ་རླུང་ཁ་ཐོབ་པར་མཛོད། །ནད་པ་གསོ་བའི་དུས་ཀྱི་ཚེ། །སྐུ་མདོག་དམར་བཀྲ་ཆུ་རྟ་བཅིབས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་རྒྱུན་གྱིས་ནད་རྣམས་འདོན། །ཕོལ་མིག་མཛེ་ཡང་སོས་པར་བྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ནད་ཀུན་ད་ལྟ་ཉིད་དུ་སོལ། །དགྲ་ལ་གདུག་པ་སྟོན་པའི་ཚེ། །ཀླུ་བདུད་ནག་པོ་མགོ་དགུ་པ། །ནཱ་ག་རཀཱ་ཞེས་ཀྱང་བྱ། །ཆུ་གཡག་ཆིབས་ཤིང་སྦྲུལ་ཞགས་བསྣམས། །ཞིང་བཅུ་ཚང་བའི་དགྲ་བོ་རྣམས། །གཡག་གིས་བརྡུང་ལ་སྦྲུལ་གྱིས་ཆིངས། །མཛེ་རིགས་བཅོ་བརྒྱད་ཆར་དུ་ཕོབ། །བློན་པོ་དུང་སྐྱོང་དཀར་པོ་ནི། །ཟ་མ་ཏོག་དང་ནོར་བུ་བསྣམས། །སྦྲུལ་མགོ་


CMR036_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་གདེངས་ཀ་ཅན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཅི་བསམ་ལྷུན་གྱིས་གྲུབ་པར་མཛོད། །སྲས་ནི་ཀླུ་ཕྲུག་བརྒྱ་རྩ་བརྒྱད། །ཁྱེའུ་གསེར་ཉ་དུང་སྦྲུལ་དང་། །ཆུ་རྟ་བརྒྱ་དང་རྩ་བརྒྱད་སྤྲུལ། །སྨར་ཁམས་ཆུ་མིག་ཀུན་ན་གནས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཕོག་ཐུག་ཤོར་ན་བཟོད་པར་གསོལ། །ཀླུ་ཡི་མགོན་པོ་དཀར་པོ་ནི། །ཡབ་ཡུམ་བློན་འཁོར་སྲས་དང་བཅས། །བསང་མཆོད་འབུལ་བ་འདི་བཞེས་ལ། །ཕྱག་ན་རྡོ་རྗེ་པདྨ་འབྱུང་། །རྒུ་ལོ་ཕག་གྲུ་ཉག་སེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །བསོད་ནམས་མངའ་ཐང་ནམ་མཁའ་མཉམ། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །ཀླུ་ནད་ཞ་གྲུམ་གཅོང་ནད་མེད། །རིགས་རྒྱུད་བུ་དང་བུ་མོ་རྣམས། །གཟུགས་བཟང་ཤ་མདོག་དཀར་ལ་མཛེས། །ཤེས་རབ་ཆེ་ཞིང་ཆོས་ལ་དད། །ཁྱོད་ལ་ཡོད་པའི་དངོས་གྲུབ་དེ། །བདག་དང་ཡོན་བདག་འདི་ལ་སྩོལ། ཀྱི༔ མགོན་པོ་རོག་སྣར་མཐུ་ཆེན་གྱི། །ཤར་ནས་བསྐུལ་བའི་ཕོ་ཉ་སྟེ། །གངས་དཀར་གཉན་གྱི་ཤེལ་བྲག་ཏུ། །གཉན་རྗེ་རྨ་གཉན་སྤོམ་ར་ནི། །ཡ་མཚན་དུང་མི་དཀར་


CMR036_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡི། །དུང་ཁྲབ་དཀར་པོ་སྐུ་ལ་གསོལ། །དབུ་ལ་དངུལ་དཀར་རྨོག་མོ་གསོལ། །ཉི་ཟླའི་ཕོད་རྒྱན་ཀྱི་ལི་ལི། །ཕྱག་གཡས་ཤེལ་གྱི་སྦ་ལྕག་བསྣམས།གཡོན་པས་དར་མདུང་དཀར་པོ་འཛིན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །དུང་རྟ་རི་ལོགས་ཙམ་ལ་ཆིབས། །རིན་ཆེན་རྟ་སྒ་ཝངས་སེ་ཝང་། །གསེར་སྲབ་གཡུ་མཐུར་སི་ལི་ལི། །རྨ་སྲས་དུང་མི་དཀར་པོ་དགུ། །སྤུ་རིས་ལྡན་པའི་རྟ་དགུ་ཆིབས། །དུང་རྨོག་ཤེལ་བེར་སྐུ་ལ་གསོལ། །སྟག་རལ་གཟིག་ཤུབས་མདུང་དར་བསྣམས། །སྲིང་མོ་ལྕམ་དགུ་ཡུམ་དང་བཅས། །ཤ་རྐྱང་རྒོ་གཙོད་བྲན་དང་རོལ། །དར་གོས་རིན་ཆེན་སྣ་ལྔས་བརྒྱན། །སྦ་གླིང་མེ་ལོང་ཕྱག་ན་བསྣམས། །སྲིང་ལྕམ་བཞི་བཅུ་རྩ་ལྔ་དང་། །རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆེད། །ཡང་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཕྱི་འཁོར་སུམ་བརྒྱ་དྲུག་ཅུ་དང་། །རྨ་སྨན་འབུམ་དང་བཅས་པ་ཡིས། །རྨ་གཉན་ལྕམ་དྲལ་འཁོར་བཅས་རྣམས། །འདིར་གཤེགས་བསང་གི་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་བསང་། །རྨ་གཡང་ཟས་དང་དཀོར་མཛོད་འབྲུ། །རྐང་བཞི་ནོར་


CMR036_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྙན་གྲགས་སྟོབས། །རིགས་རྒྱུད་བཙན་དར་ཐམས་ཅད་དང་། །དཔུང་ཆེན་དངོས་གྲུབ་བདག་ལ་སྩོལ། །ཡག་ཁ་ཟུང་ལ་རྒྱལ་ཁ་བསྐྱེད། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཨོཾ་བཛྲ་ཀུལླི་མིལ་མན་སརྦ་པཱུ་ཛ་ཁཱ་ཧི། ཀྱཻ། མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ཉི་མ་ལྷོ་རུ་སྐུ་བསྐྱོད་ཚེ། །ལས་ལ་མངག་པའི་ཕོ་ཉ་ནི། །སྨོན་སྐྱེས་གངས་བཞུར་མཆེད་གསུམ་སྟེ། །སྔོན་ཚེ་བསྟན་པ་སྔ་དར་དུས། །གཟེ་ཡི་རྔ་མོང་གྲྭ་པ་ཟེར། །བསྟན་པ་སྔ་དར་བར་པའི་དུས། །གཟེ་ཡི་རྨ་གཡོག་གྲྭ་པ་ཟེར། །བསྟན་པ་ཚུཕྱི་དར་དེང་སང་དུས། །ཇོ་བོ་གཟེ་རྒྱལ་ཞེས་སུ་གྲགས། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ཕ་གནམ་ལྷ་འོད་འབར་དེ་རྗེ་དང་། །མ་ས་ལྷ་དེ་ནི་ཀླུ་མོ་བཙུན། །དེ་གཉིས་བསྡེབས་པའི་མིང་སྲིང་བཞི། །ཆེ་བ་ཀླུ་རྗེ་འོད་འབར་ཡིན། །གསང་མཚན་རྡོ་རྗེ་དབང་དྲག་ཡིན། །སྐུ་མདོག་གངས་ལ་ཉི་ཤར་འདྲ། །དབུ་ལ་ལེ་ཕྲན་སྨུག་པོ་བཅིང་།མཛེས་པའི་མེ་ཏོག་ཟུར་ཕུད་ཅན། །སྐུ་ལ་དུང་བེར་དཀར་པོ་གསོལ། །ཕྱག་གཡས་ཉི་ཟླའི་སྒྲོན་མེ་ཐོགས། །ཕྱག་གཡོན་དངུལ་མདུང་དཀར་པོ་ལ། །དར་དཀར་བ་དན་


CMR036_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་བསྣམས། །རག་དཀར་གཡུ་རྔོག་ཆིབས་སུ་ཆིབས། །དཀར་ཕྱོགས་ལྷ་དམག་འབུམ་གྱིས་བསྐོར། །འབྲིང་བ་གནམ་ལྷ་བྱང་ཆུབ་ཡིན།གསང་མཚན་རྡོ་རྗེ་དབང་ཕྱུག་ཡིན། །ཞལ་མདོག་དཀར་གསལ་མཛེས་པ་ལ། །དབུ་ལ་དར་དཀར་ཅོད་པན་བཅིངས། །མཛེས་པ་གཡུ་ཡི་ཟུར་ཕུད་ཅན། །ཕྱག་ན་དངུལ་མདུང་དཀར་པོ་བསྣམས། །ཆིབས་སུ་གྲོ་སྨུག་གདོང་སེ་ཆིབས། །འཁོར་དུ་གཉན་དམག་འབུམ་གྱིས་བསྐོར། །ཆུང་བ་རྡོ་རྗེ་དཔལ་བརྩེགས་ནི། །གསང་མཚན་རྡོ་རྗེ་དཔལ་འབར་ཡིན། །ཞལ་མདོག་གསེར་འོད་འབར་བ་ཡིན། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །དབུ་ལ་མཚལ་ཐོད་དམར་པོ་བཅིངས། །ཕྱག་ན་ཡ་ཚ་དཀར་པོ་བསྣམས།སྟལ་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །བྱ་རྒོད་དཀར་པོ་ཀླད་ན་ལྡིང་། །དུང་གི་སེངྒེ་གཡས་ན་འགྱིང་། །ལྕགས་ཀྱི་བྱ་ཁྲ་གཡོན་ན་འཇུམ་། །འཁོར་དུ་ཀླུ་དམག་འབུམ་གྱིས་བསྐོར། །སྲིང་མོ་ལྷ་ལྕམ་གློག་མ་འཕྲུལ། །བུད་མེད་དཀར་མོ་དུང་ཤཱ་ཆིབས། །བཙུན་མོ་གཡུ་མཚོ་ཆེ་ཆུང་གཉིས། །གཡུ་དང་


CMR036_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་རུས་བུད་མེད་གཉིས། །བློན་པོ་ཅི་རྒྱལ་ཀ་རྒྱལ་དང་། །སྤེན་ནེ་རི་བཀྲ་དབྱི་རྒྱལ་བཞི། །ཀླུ་རྒྱལ་བཙན་དམར་ལ་སོགས་པའི། །སྨོན་སྐྱེས་གང་ཞུར་མཆེད་ལྕམ་བཞི། །འཁོར་དང་བཅས་པ་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །ཇོ་བོས་མཐུ་རོགས་སྡོང་གྲོགས་གྱིས། །སྔོན་ནས་བསུས་ལ་ཕྱི་ནས་སྐྱོལ། །དཔལ་དང་གྲགས་པ་སྒྲུབ་པ་དང་། །འཁོར་དང་བསྟན་པ་སྲུང་བ་དང་། །ཆོས་དང་མཐུན་པའི་སྡོང་གྲོགས་མཛོད། །ཨོ་ཐོག་ཐོག་ཀླུ། ཨོ་བྱང་ཆུབ་ཐོག་ཐོག་གཉེན་རྒོད། ཨོ་གནམ་ཐོག་ཐོག་བཙན་རྒོད་ཛ་ཛ༔ ས་མ་ཡ་ཛ་ཛ༔ པཱུ་ཛ་ཁཱ་ཧི། ཀྱཻ། མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ཉི་མ་ནུབ་ཏུ་སྐུ་བསྐྱོད་ཚེ། །ལས་ལ་མངག་པའི་ཕོ་ཉ་ནི། །ལྷ་རབ་ཡར་ལྷ་ཤམ་པོ་སྟེ། །འཇིག་རྟེན་ལྷ་ཡི་སྡེ་དཔོན་ཡིན། །སྐུ་མདོག་གངས་རི་དཀར་པོ་འདྲ། །ན་བཟའ་དར་དཀར་རལ་ག་གསོལ། །ཕྱག་ན་དར་མདུང་དཀར་པོ་བསྣམས། །ཆིབས་སུ་ལྷ་གཡག་དཀར་པོ་


CMR036_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས། །འཁོར་དུ་སྣང་སྲིད་ལྷ་འདྲེའི་དམག །སྔོན་ན་དར་ཐོགས་པུ་རུ་རུ། །ཕྱི་ན་མདུང་ཐོགས་ཤིགས་སེ་ཤིག །ཁྱོད་ཀྱི་གཡས་ནས་ཕོ་ཉ་བ། །གེ་ཁོད་སུམ་བརྒྱ་དྲུག་ཅུ་འགྱེད། །གཡོན་ནས་ཕོ་ཉ་ལྷ་སྲིན་འགྱེད། །སུམ་བརྒྱ་དྲུག་ཅུ་ལས་ལ་འཛུད། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཁྱོད་ནི་དུས་འཁྲུག་བཏང་བའི་བདག །དུས་ཀྱི་འཁྲུག་པ་ཞི་བ་དང་། །དཀར་ཕྱོགས་ལྷ་ངོ་མཐོ་བར་མཛོད། །ཨོ་དེ་ཝི་ཨ་པཱུ་ཙ་ཁཱ་ཧི། ཀྱཻ། མགོན་པོ་མཐུ་ཆེན་ཡེ་བརྫུ་ནི། །ཉི་མ་བྱང་དུ་སྐུ་བསྐྱོད་ཚེ། །ལས་ལ་མངག་པའི་ཕོ་ཉ་ནི། །ཇོ་བོ་སྒྱོགས་ཆེན་གདོང་ར་སྟེ། །འབྲོག་གནས་མཆེད་ལྔའི་ཡ་རྒྱལ་བ། །ཐུབ་པའི་ཞལ་མཐོང་བསྟན་པ་སྲུངས། །ས་བརྒྱད་གནོན་པའི་སེམས་དཔའ་ཆེ། །ཕྱི་ནི་ཤེལ་བྲག་གངས་ཀྱི་རི། །ནང་ནི་རིན་ཆེན་གཞལ་ཡས་ཁང་། །རིན་ཆེན་པད་ཟླའི་གདན་སྟེང་ན། །སྐུ་མདོག་དམར་པོ་ཟངས་ཀྱི་མདོག །དབུ་ནི་ར་ཡི་དབུ་ཅན་ལ། །ཕྱག་གཡས་ལྕགས་ཀྱུ་རིན་ཆེན་འབར། །གཡོན་གཉིས་པད་སྡོང་བུམ་པ་བསྣམས། །ཡུམ་ནི་རྡོ་


CMR036_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ར་གདོང་མ། །གསེར་མདོག་རིན་ཆེན་ཞགས་པ་འཛིན། །ཡབ་ཡུམ་དར་དང་རིན་ཆེན་བཀླུབས། །བློན་པོ་ཐབས་ལྡན་རྒོད་ཁྲམ་དང་། །འབྲི་གཉེར་རི་ཁྱིམ་ལ་སོགས་པ། །ཁྲི་འབུམ་འཁོར་གྱི་ཚོགས་དང་བཅས། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བར་ཆད་སོལ་ལ་དགོས་འདོད་བསྒྲུབ། །ཚེ་དང་དབང་ཐང་འཕེལ་བ་དང་། །གསེར་སོགས་རིན་ཆེན་དངོས་གྲུབ་སྩོལ། །ཀླུ་རྒྱལ་མི་མགོན་དཀར་པོ་ཡི། །ཕྱི་བློན་འདོར་རྒྱལ་དེས་ར་ནི། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཏེ། །མཚོ་དབུས་རིན་ཆེན་གཞལ་ཡས་ན། །སྐུ་མདོག་ལྗང་གུ་ཕྱིས་སྦའི་གཟུགས། །སྦྲུལ་མགོ་བཅུ་གཅིག་གདེངས་ཀ་ཅན། །སྤྱི་གཙུག་ཡིད་བཞིན་ནོར་བའི་བརྒྱན། །སྐུ་སྨད་སྦྲུལ་འཁྱིལ་པད་ཟླར་འཁྱིལ། །བཙུན་མོ་ཀླུ་མོ་ཀུན་ཤེས་མ། །དཀར་མོ་རིན་ཆེན་རྒྱན་གྱིས་སྤྲ། །མེ་ལོང་མུ་ཏིག་ཕྲེང་བ་འཛིན། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ལ་སོགས་པ། །ཀླུ་ཡི་འཁོར་ཚོགས་བསམ་མི་ཁྱབ། །འདིར་གཤེགས་དཀར་གསུམ་མཆོད་པ་བཞེས། །གཡུ་ཤུག་ཕྱེ་


CMR036_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མར་གསུར་གྱིས་མཆོད། །ཁྱེད་ནི་ནོར་གཡང་བདག་པོ་སྟེ། །མཛོ་དང་མཛོ་མོ་འབྲི་དང་གཡག །རྟ་ལུག་ནོར་གསུམ་འཕེལ་བར་མཛོད། །ཨོཾ་ནཱ་ག་རཱ་ཙ་རཏྣ་མ་ཧཱ་ཕུཿ ཡཀྵ་དྷེ་ཝ་ཕུཿ བྷ་སུ་ཀི་ཕུཿ ནཱ་ག་རཱ་ཙ་སརྦ་ཨཱ་ཡུ་རཏྣ་པུཎེ་པུཊྚི་པུཏྟི་སི་ཏི་ས་མ་ཡ། བདག་ལ་ཚེ་རིང་བ་དང་། ནོར་གྱི་དངོས་གྲུབ་ཐམས་ཅད་ཧཱུྃ་ཧཱུྃ་སྭཱ་ཧཱ། ཧཱུྃ༔ ཀླུ་རྒྱལ་མ་གྲོས་གཟི་ཆེན་གྱི། །ཕྱི་བློན་ཁམས་ཀྱི་བྱ་ཐུལ་ཏེ། །བྱ་རྒོད་དུང་གི་ཐུ་ལུ་ཅན། །ཀླུ་ཡི་བློན་པོ་དབང་ཆེན་བསང་། །དུས་ངན་བསྐལ་པའི་ཐ་མ་ལ།མི་རྣམས་སྤྱོད་པ་ངན་པའི་དུས། །དབང་ཆེན་ཁྱོད་ཁྲོས་ཁེང་ལོག་བྱེད། །དུང་དང་ཆུ་སྲིན་འཐབས་བཅུག་པས། །འོག་གི་རྒྱ་མཚོ་ཆེན་པོ་འཁྲུགས། །ས་གཡོས་ས་ལོག་རི་ཉིལ་བཏང་། །ཁྱོད་ནི་ཁྲོས་པའི་རྟག་བསྟན་ཚེ། །འབྲུག་ནི་སར་འབབ་མཚོ་ཆུ་འཐུང་། །དུས་འཁྲུག་ཆེན་པོ་གཏོང་བར་བྱེད། །བསང་དང་མཆོད་པ་འདི་བཞེས་ལ། གལ་ཏེ་ཐུགས་ལ་ཕོག་ན་ཡང་། །དུས་འཁྲུག་ས་ལོག་མ་བཏང་ཞིག །ཡུལ་འདི་བདེ་ཞིང་སྐྱིད་པར་མཛོད། ཀྱཻ། སྒང་ལྔའི་གཙོ་བོ་སྨར་ཁམས་སྒང་། །རྨ་གཡང་ཆགས་པ་


CMR036_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གུའི་ཡུལ། །རིན་ཆེན་རི་བོ་ལྷུན་ཆགས་པ། །རྒྱབ་ཀྱི་ཕྱོགས་ནས་བལྟས་ཙམ་ན། །གསེར་སྤང་སེར་པོ་འོད་དུ་འབར། །ཟ་འོག་གུར་ཆེན་ཕུབ་པ་འདྲ། །མདུན་གྱི་ཕྱོགས་ནས་བལྟས་ཙམ་ན། །ལྷ་བྲག་དཀར་པོ་གཏེར་དགའ་བ། །མཆེད་བརྒྱད་བདེ་གཤེགས་མཆོད་རྟེན་འདྲ། །མཐའ་སྐོར་ས་གཞི་དཀྱིལ་འཁོར་དབྱིབས། །ལྗོན་ཤིང་ནགས་ཚལ་ཐིབས་སེ་ཐིབ། །སྤང་ལྗོངས་མེ་ཏོག་སྐྱེད་མོའི་ཚལ། །ན་བུན་སྤྱི་བུན་ཐུ་ལུ་ལུ། །འཇའ་སྤྲིན་ཉི་ཟླ་ཏ་ལ་ལ། །སྦྲང་ཆར་ཁུ་འཕང་སི་ལི་ལི། །བྱ་རིགས་གཤོག་གདང་ཁྲིགས་སེ་ཁྲིག །རི་དྭགས་རྩེ་ཀྱུ་པྲིངས་སེ་པྲིང་། །གཅན་གཟན་ངར་སྐད་འུ་རུ་རུ། །ཕྱི་ལྟར་བདེ་སྐྱིད་མི་ཡི་ཡུལ། །དེ་ལ་གཉུག་མར་གནས་པ་ཡི། །འཇིག་རྟེན་སྲིད་པའི་གཞི་བདག་བསང་། །ས་བདག་ཀླུ་གཉན་ཐམས་ཅད་བསང་། །ཕ་མཚུན་དགྲ་ལྷ་ཐམས་ཅད་བསང་། །བཟང་དང་བྲག་སྲིན་ཐམས་ཅད་བསང་། །སྨན་དང་རེ་བྱི་ཐམས་ཅད་བསང་། །ནང་ལྟར་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་རྫོགས། །སྐུ་ཚབ་ཤོག་སེར་དམ་རྫ་ས་སོགས། །གུ་རུའི་ཐུགས་གཏེར་མང་པོ་ལ། །


CMR036_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ཞིང་སྐྱོང་གཏེར་སྲུང་རྣམས། །ལྷ་མིའི་ཁྲོམ་ལྟར་འདུ་འཚོགས་ཆེ། །ཞིང་སྐྱོང་སེང་གདོང་དཀར་པོ་བསང་། །རྣམ་སྲས་ཚེ་འཛིན་དཀར་པོ་བསང་།ཡེ་བརྫུ་དབལ་དཀར་མཆེད་ལྔ་བསང་། །བཀའ་འཁོར་ཆོས་སྐྱོང་ཐམས་ཅད་བསང་། །གསང་བ་མཁའ་སྤྱོད་ཆུང་ངུའི་གནས། །ས་འོག་སྐུ་ཡི་འཁོར་ལོ་སྟེ། །ཙཱ་རི་དག་པ་བི་ཡི། །གནས་ལག་ཤེལ་བྲག་དཀར་པོ་ན། །རིག་འཛིན་ཌཱ་ཀི་སྤྲིན་ལྟར་འདུ། །སྐུ་མདོག་དཀར་པོ་བུདྡྷའི་རིགས། །དབུ་རྒྱན་ཐོར་ཚུགས་ཅོད་པན་ཅན། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །རིན་ཆེན་རྒྱན་ཆ་སི་ལི་ལི། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག།གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། །ཟག་མེད་བདེ་བའི་ཚོགས་ལ་རོལ། །གནས་ཆེན་ལྷ་བྲག་དཀར་པོ་ལ། །གནས་པའི་དཔའ་བོ་མཁའ་འགྲོ་བསང་། །རིག་འཛིན་སྲུང་མ་ཐམས་ཅད་བསང་། །བར་ཆད་སོལ་ལ་དངོས་གྲུབ་སྩོལ།ལྷ་བྲག་དཀར་པོ་མཆེད་བརྒྱད་ཀྱི། །ཕྱི་ནང་གསང་བའི་དཀྱིལ་འཁོར་ལ། །འཁོར་གཡོག་བྲན་དང་ཕོ་ཉའི་ཚོགས། །སྨར་ཁམས་ས་ཡི་དཀྱིལ་འཁོར་ལ། །གནས་པའི་ལྷ་ཀླུ་


CMR036_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་མིའམ་ཅི། །སྲིན་པོ་ཡི་དྭགས་ཤ་ཟ་དང་། །ལྟོ་འཕྱེ་ས་བདག་ཐམས་ཅད་བསང་། །བློན་པོ་སྟག་ཐུལ་གྱོན་པ་བསང་། །རེ་ཐུལ་ཅན་གྱི་གཡོག་མོ་བསང་། །རི་རྒྱལ་རེ་ཕོ་མཆེད་བརྒྱད་ལ། །གཉུག་མར་གནས་པའི་གནས་བདག་བསང་། །གུག་རྒྱལ་ཀྲིག་རྒྱལ་སྤ་རྒྱལ་ལ། །གནས་པའི་གཞི་བདག་གཉན་པོ་བསང་། །ཀེ་རེ་ཞལ་དཀར་གཉན་པོ་བསང་། །དགེ་བཙུན་རྡོ་རྗེ་ཐོག་མེད་བསང་། །བ་དྲུག་སེང་གེའི་དབུ་ཅན་བསང་། །ཝེར་མ་རྒྱལ་བ་ལྷ་རྩེ་བསང་། །སིབ་ཀྱི་བྱིས་ཚང་གཉན་པོ་བསང་། །ནང་རིང་མདུང་རྩེའི་གཞི་བདག་བསང་། །གཡུ་ལུང་མདུང་རྩེའི་གཞི་བདག་བསང་། །ཚ་ལུང་དབེན་བྲག་དཀར་པོ་བསང་། །ཐང་འབམ་རི་བོ་ཆེན་པོ་བསང་། །ཡུལ་ལྷ་འཛའ་གཡག་སེ་བོ་བསང་། །རྨོ་རྒྱལ་སེལ་བྲག་གཉན་པོ་བསང་། །ཁྲོ་བོ་ཆེན་པོ་རྫ་འབུམ་བསང་། །ཡུལ་ལྷ་གདོང་ཞོང་དཀར་པོ་བསང་། །ཀ་རྒྱལ་ཞོ་ཚ་གཉན་པོ་བསང་། །དཔའ་རྒྱལ་འཛོམ་ར་གཉན་པོ་བསང་། །རས་བྲག་དཀར་པོའི་གཞི་བདག་བསང་། །ཀེ་རྒྱལ་ལུག་རའི་གཞི་བདག་བསང་། །ཅོག་རོའི་གཡུ་རྩེའི་


CMR036_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་བསང་། །དབུ་རྒྱན་བྲག་གར་གཞི་བདག་བསང་། །འོད་ཀྱི་འགའ་ར་འགར་མོ་བསང་། །མིང་དང་མཚན་ནས་མ་ཐོས་པའི། །སྨར་ཁམས་ས་བདག་ཐམས་ཅད་བསང་། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ནས། །རྨུགས་དང་འཐིབས་པ་སངས་གྱུར་ཅིག །ཉམས་དང་རྒུད་པ་སོས་གྱུར་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། ཀྱཻ། སྔོན་ཚེ་སྲིད་པ་ཆགས་པའི་དུས། །སེམས་ཅན་སྨྲ་ཤེས་དོན་གོ་ལ། །ཤེད་བུ་ཤེད་བདག་ཤེད་ལས་སྐྱེས། །མི་ཡི་མིང་དེ་རིམ་པར་འགྱུར། །དེ་བཞིན་ས་མིང་ཕལ་ཆེར་འགྱུར། །དོན་གྱི་ངོ་བོ་མི་འགྱུར་ཏེ། །བླ་སྲོག་རྣམ་ཤེས་གསུམ་དུ་སྲིད། །སྲོག་དབུགས་གཤེད་མ་འདྲེ་ཡིས་ཁྱེར་། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ས་དེ་ལ་གནས། །ཆ་ལུགས་གསོན་དུས་གཟུགས་དང་འདྲ། །དར་ཞིང་ཕྱུག་ན་མགོན་སྐྱབས་བྱེད། །རྒུད་ཅིང་དབུལ་ན་གསོན་པོ་ལ། །ཟ་རེ་འཐུང་སྐོམ་ན་ཚ་ལྡང་། །ཕྱེ་མར་བང་སོ་མཆོད་པ་དང་། །ཕ་མཚུན་མཆོད་པའི་ཆོ་ག་དར། །ཕ་མཚུན་གཉན་པོ་ཐམས་ཅད་བསང་། །ཕ་


CMR036_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མཚུན་ཐམས་ཅད་དགྲ་ལྷའི་འཁོར། །དགྲ་བླ་ཡོངས་ཀྱི་དད་དཔོན་ནི། །སྐུ་བླ་གསང་བ་ཞེས་བྱ་བ། །མཐུ་ཆེན་མགོན་པོ་ཡེ་བརྫུ་བསང་། །སྲིད་པ་དང་པོའི་ཡབ་དང་ཡུམ། །མཚུན་རྒན་སྨོན་མི་དབུ་ནག་བསང་། །མ་མཚུན་ཕྱུ་ལྕམ་རྒྱལ་མོ་བསང་། །ཡང་མཉེས་རྒྱལ་བུ་མཐིང་གེ་བསང་། །རྒྱ་བོད་ཧོར་གྱི་ཕ་མཚུན་བསང་། །ཕ་མཚུན་བོད་དུ་ལེན་བྱེད་པ། །འཛངས་མ་འཕྲུལ་གྱི་ཕ་མཚུན་བསང་། །རྒྱ་མི་ཁྲི་ཚོ་གཅིག་གི་དོ། །ཨ་མྱེ་ཁྲི་དོ་ཆེན་པོ་བསང་། །གཉེན་ལྕམ་ཁབ་ཏུ་བཞེས་པའི་བུ། །དབྲ་འབྲུ་གདོང་གི་ཕ་མཚུན་བསང་། །དམུ་ཟ་ཁབ་ཏུ་བཞེས་པའི་སྲས། །དམུ་ཚ་སྒ་ཡི་བུ་དགུ་བསང་། །སྲིན་ཟ་ཁབ་ཏུ་བཞེས་པའི་བུ། །དབལ་ཟླ་གཉིས་ཀྱི་ཕ་མཚུན་བསང་། །ཨ་མྱེ་ཁྲི་དོ་ཆེན་པོ་དེས། །ཡོ་མའི་རྟ་ཁྱུ་འཚོ་བའི་དུས། །བདུད་ཀྱི་ཇག་པ་རྐྱ་བདུན་བྱུང་། །ཨ་མྱེས་བདུད་ལ་རབ་མདའ་བྱས། །གཉན་གྱི་གཉན་ལྕམ་དཀར་མོ་དེ། །ཨ་མྱེ་བདུད་ཀྱིས་བསད་དོགས་ནས། །དུང་གི་སྦལ་པ་ལུག་ཙམ་སྤྲུལ། །ཨ་མྱེ་གཡས་སོང་གཡས་ནས་བཀག །ཨ་མྱེ་གཡོན་སོང་གཡོན་ནས་བཀག །ཨ་མྱེ་དེ་ཡི་ཐུགས་ཁྲོས་ནས། །


CMR036_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་པ་དེ་ལ་བེར་སྒ་རྒྱབ། །སྦལ་པས་ཙི་ཁུ་ལན་གསུམ་ཤོར། །གཉན་རྒན་དེ་ཝའི་སྙན་གྱིས་གསན། །ཁོང་གི་བུ་མོ་བསད་དགོངས་ནས། །གཉན་གྱིས་དུག་མདའ་ནག་པོ་འཕང་། །ཁྲི་དོ་ཆེན་པོ་ལིང་ཏེ་བསད། །བོད་ཀྱི་མིའུ་གདོང་དྲུག་གི །ཕ་ཤ་བདུད་ལ་ལེན་པའི་ཕྱིར། །གཉན་གྱི་བེར་སྒ་འབྲུག་མགོ་གཡར། །བེར་སྒ་འབྲུག་མགོ་གནམ་དུ་གཡུག །ནམ་མཁའ་གང་བའི་ལྷ་དམག་བསྡུས། །ལྷ་དམག་ནམ་ཁའ་གང་བ་བསང་། །བེར་སྒ་འབྲུག་མགོ་བར་དུ་གཡུག །བར་སྣང་གང་བའི་གཉན་དམག་བསྡུས།། །གཉན་དམག་བར་སྣང་གང་བ་བསང་། །བེར་སྒ་འབྲུག་མགོ་ས་ལ་བརྡབ། །ས་གཞི་གང་བའི་ཀླུ་དམག་བསྡུས། །ཀླུ་དམག་ས་གཞི་གང་བ་བསང་། །དམག་དཔོན་ཨ་ལྕགས་འབྲུ་ཡི་བྱས། །ཨ་ལྕགས་འབྲུ་ཡི་དཔའ་རྒྱུད་བསང་། །བདུད་རྗེ་ཁྱབ་པ་ལག་རིང་བསད། །བདུད་ཕྲུག་མང་པོ་བྲག་ལ་བརྒྱབ། །བདུད་དམག་འདུལ་བའི་མཐུ་བོ་ཆེ། །ཕ་མཚུན་མིའུ་གདོང་དྲུག་བསང་། །གཉེན་དང་ཚ་ཞང་འདུལ་དུ་བསྡུས། །ཞང་རྒན་གཉན་རྒན་དེ་ཝ་དེས། །ཕ་སྟོང་དགྲ་བླ་དྲུག་པོ་བྱིན། །ལྡོང་


CMR036_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྡོང་ལྷ་སྨུག་པོ་བྱིན། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །མི་མངོན་ནམ་མཁའི་དབྱིངས་ན་འདུག །ལྡོང་རིགས་སྲིད་པའི་དགྲ་བླ་ཡིན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་བླ་མི་དང་མ་བྲལ་ཅིག །འགྲུ་ལ་འགྲུ་མོ་ཕྲོམ་ཕྲོམ་བྱིན། །བྱ་ཁྲ་གནམ་ལྕགས་མཆུ་སྡེར་ཅན། །གོང་ཁ་འགྲིམ་ཞིང་འགྲུ་བླ་ཉུལ། །འགྲུ་རིགས་སྲིད་པའི་དགྲ་བླ་ཡིན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་བླ་མི་དང་མ་བྲལ་ཅིག །དབྲ་ལ་དབྲ་མོ་དབྲ་དཀར་བྱིན། །དུང་གཡག་གཡུ་ཡི་རྭ་ཅོ་ཅན། །རྫ་རི་འགྲིམ་ཞིང་དབྲ་བླ་སྲུངས། །དབྲ་རིགས་སྲིད་པའི་དགྲ་བླ་ཡིན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་བླ་མི་དང་མ་བྲལ་ཅིག །སྒྲ་ལ་ས་མོ་ལེགས་ཕྲོམ་བྱིན། །མཚལ་སྟག་གཡུ་ཡི་རི་མོ་ཅན། ། ནགས་གསེབ་འགྲིམ་ཞིང་སྒ་བླ་སྲུངས། །སྒོ་རིགས་སྲིད་པའི་དགྲ་བླ་ཡིན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་བླ་


CMR036_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་མ་བྲལ་ཅིག །དབའ་ལ་ཤེལ་གྱི་ར་སྐྱེས་བྱིན། །ར་མདུད་སྐར་ཁུང་གསུམ་རྩེག་ལ། །ཉི་མ་ཟླ་བ་སྐར་མ་འཆར། །མེ་འབར་རླུང་འཚུབ་ཚྭ་ཚྭ་འཕྲོ།ཨོག་ཙོམ་སྤུ་རྩིད་ཞོམས་སེ་ཞོམ། །དབའ་རིགས་སྲིད་པའི་དགྲ་བླ་ཡིན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་བླ་མི་དང་མ་བྲལ་ཅིག །དུང་གི་ཁྱི་མོ་དཀར་མོ་དེ། །ནུ་བོ་ཟླ་ལ་བྱིན་པ་ལ། །ཕ་སྟོང་ཆུང་ཟེར་ཁྲོས་ནག་འཁྱམས། །འཚམས་གཞུང་སྨར་ཁམས་ས་རུ་ཆག །དུད་ནི་འབུམ་ཕྲག་ཞེ་དགུ་ཆགས། །དེ་ནས་ཞང་པོའི་ཕ་སྟོང་བསྣན། །དགྲ་བླ་མཚལ་སྟག་དམར་པོ་བྱིན།།རྔམ་ཆེན་བྲག་དཀར་མཚལ་བཀྲ་ཡིན། འདིར་གཤེགས་བཤམས་པའི་མཆོད་པ་བཞེས།སུར་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་བླ་མི་དང་མ་བྲལ་ཅིག །གཞན་ཡང་བྲག་དཀར་མཚལ་བཀྲ་ཡིན། །གནས་པའི་ཡ་མཚུན་དྲག་རྩལ་ཅན། །རཱ་ཛ་གཟི་བརྗིད་ཟིལ་ཆགས་པ། །སྐུ་ལ་རལ་དགུ་སྔོན་པོའི་སྟེང་། །འགག་དཀར་བེར་ཐུལ་ལྷུག་པ་གྱོན། །ཞབས་ལ་ཕྲུག་ལྷམ་སྔོན་པོ་གྱོན། །དར་མདུང་མང་པོའི་མགུལ་པ་


CMR036_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །ལག་ན་དུང་གི་ཕྲེང་བ་བསྒྲོན། །སྟོབས་ལྡན་རཱ་ཛ་ཨ་མོ་གྷ། །འདིར་བྱོན་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་བླ་མི་དང་མ་བྲལ་ཅིག །རིགས་རྒྱུད་བུ་རྒྱུད་ཐམས་ཅད་ལ། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །མཐུ་དང་ནུས་པ་ཅི་འདུག་ལྟ། ཀྱཻ། གཞན་ཡང་བསངས་ཤིང་མཆོད་པའི་ལྷ། །མེད་ལ་ཡོད་སྲིའི་དགྲ་བླ་བསང་། །སྟོང་ལ་གང་བྱེད་དགྲ་བླ་བསང་། །འབྱུང་བ་རླུང་གི་དགྲ་བླ་བསང་། །སྨོན་པའི་རྫི་རླུང་འཕྱོ་བ་བསང་། །འོད་ཟེར་མི་རྟ་བཅོ་བརྒྱད་བསང་། །ཕྱི་མར་ཆགས་པའི་དགྲ་བླ་བསང་། །ཡེ་ནས་སྲིད་པའི་དགྲ་བླ་བསང་། །སྲིད་པ་ཆགས་པའི་དགྲ་བླ་བསང་། །སྨོན་པ་འགྲུབ་པའི་དགྲ་བླ་བསང་།གནམ་ས་ཆགས་པའི་དགྲ་བླ་བསང་། །རང་ལ་ཡོད་པའི་དགྲ་བླ་བསང་། །རོགས་ཀྱི་འགོ་བའི་དགྲ་བླ་བསང་། །བཟང་བྱེད་ཡག་བྱེད་དགྲ་བླ་བསང་། །ཕ་མྱེས་དར་བའི་དགྲ་བླ་བསང་། །མ་ཕྱི་སྨན་གྱི་དགྲ་བླ་བསང་། །གླིང་བཞི་དར་བའི་དགྲ་བླ་བསང་། །དཔའ་རྩལ་ཆེ་བའི་དགྲ་བླ་བསང་། །མྱུར་འགྱོགས་ཆེ་བའི་དགྲ་བླ་བསང་། །ཕྱི་


CMR036_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རབས་རྒྱུད་ཀྱི་དགྲ་བླ་བསང་། །དམུ་རབས་རྒྱུད་ཀྱི་དགྲ་བླ་བསང་། །གཙུག་རབས་རྒྱུད་ཀྱི་དགྲ་བླ་བསང་། །དགྲ་ལ་རྒྱུག་པའི་དགྲ་བླ་བསང་། །དགྲ་བླ་གྲ་མ་མཆེད་བརྒྱད་བསང་། །སྐྱེས་ཟིན་དགྲ་བླ་སྤུན་གསུམ་བསང་། ཀྱཻ། དགུང་ལ་ཉི་མ་ཤར་བ་བཞིན། །དགྲ་བླ་མི་དང་མི་བྲལ་ཅིག །དགུང་དང་གཡུ་འབྲུག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །གངས་ལ་སེང་ལྕམ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་མི་དང་ལྷོམ་བྲལ་ཅིག །རྫོགས་དང་འབྲོང་གཡག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ཕུབ་དང་རྔ་ཞོལ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ཁྲབ་དང་རྒྱབ་དར་འགྲོགས་པ་བཞིན། །རྨོག་དང་དར་འཕྲུ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ཉ་དང་རྒྱ་མཚོ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །བྱ་དང་འདབ་མ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ལུས་དངགྲིབ་མ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །གཞུ་དང་གཞུ་རྒྱུད་འགྲོགས་པ་བཞིན། །


CMR036_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་མི་དང་མ་བྲལ་ཅིག །མདའ་དང་མདེའུ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །བསངས་དང་མཆོད་པ་འདི་བཞེས་ལ། །གོ་མཚོན་སྣ་དགུ་དགྲ་བླའི་རྟེན་ལ་དགྲ་བླ་བརྟན་པར་བཞུགས། ཀྱཻ། སྨར་ཁམས་ཀེ་རིའི་སྒང་ཟུར་གཡས། །མདོ་ཁམས་སྒང་པའི་འགྲིམ་རོལ་གཡོན། །ཟངས་རི་འབར་བའི་རྩེ་མཐོ་བ། །གཟི་བརྗིད་ཟིལ་ཆགས་ལྟར་མི་བཟོད། །རྫ་སྤང་སེར་པོ་ལམས་སེ་ལམ། །གཡུ་ཡི་ནེའུ་སིང་ཀྱི་ལི་ལི། །ཤེལ་གྱི་ཆུ་མིག་ཤ་ར་ར། །ལྗོན་ཤིང་ནགས་ཚལ་ཐིབས་སེ་ཐིབ། །ཤ་དགོ་ན་སུམ་རུ་གདོང་འཁྲིགས། །དཔའ་རྩལ་ཆེ་བའི་དགྲ་བསང་། །མྱུར་འགྱོགས་ཆེ་བའི་དགྲ་བླ་བསང་། །ཕྱི་རབས་རྒྱུད་ཀྱི་དགྲ་བླ་བསང་། །དམུ་རབས་རྒྱུད་ཀྱི་དགྲ་བླ་བསང་། །གཙུག་རབསརྒྱུད་ཀྱི་དགྲ་བླ་བསང་། །དགྲ་ལ་རྒྱུག་པའི་དགྲ་བླ་བསང་། །དགྲ་བླ་གྲ་མ་མཆེད་བརྒྱད་བསང་། །སྐྱེས་ཟིན་དགྲ་བླ་སྤྱན་གསུམ་བསང་། ཀྱཻ༔ དགུང་ལ་ཉི་མ་ཤར་བ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །དགུང་དང་གཡུ་འབྲུག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །གངས་ལ་སེང་ལྕམ་


CMR036_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་པ་བཞིན། །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །རྫ་དང་འབྲོང་གཡག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །ཕུབ་དང་རྔ་ཞོལ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །ཁྲབ་དང་རྒྱབ་དར་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །རྨོག་དང་།དར་འཕྲུ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །ཉ་དང་རྒྱ་མཚོ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །བྱ་དང་འདབ་མ་འགྲོགས་པ་བཞིན།དགྲ་བླ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་མ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །གཞུ་དང་གྲོ་ག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །མདའ་དང་མདེའུ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །བསངས་དང་མཆོད་པ་འདི་བཞེས་ལ། །གོ་མཚོན་སྣ་དགུ་དགྲ་བླའི་རྟེན། །རྟེན་ལ་དགྲ་བླ་བརྟན་པར་བཞུགས། ཀྱཻ། སྨར་ཁམས་ཀེ་རེའི་སྒང་ཟུར་གཡས། །མདོ་ཁམས་སྒང་པའི་འགྲིམ་རོལ་གཡོན། །ཟངས་རི་འབར་བའི་རྩེ་མཐོ་བ། །གཟི་བརྗིད་ཟིལ་ཆགས་ལྟར་


CMR036_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད། །རྫ་སྤང་སེར་པོ་ལམས་སེ་ལམ། །གཡུ་ཡི་ནེའུ་སིང་ཀྱི་ལི་ལི། །ཤེལ་གྱི་ཆུ་མིག་ཤ་ར་ར། །ལྗོན་ཤིང་ནགས་ཚལ་ཐིབས་སེ་ཐིབ། །ཤ་དགོ་རྣ་གསུམ་རུ་གདོང་འཁྲིགས། །གདུག་པའི་གཅན་གཟན་ངར་སྐད་སྒྲོག །ཤ་གཟན་བྱ་ཚོགས་ལྡེང་ཞིང་འཇུམ། །སྟེང་ན་གདུག་པའི་སྤྲིན་ནག་འཁྲིགས། །བསྐལ་པའི་འབྲུག་སྒྲ་ལྡི་རི་རི། དྲག་པོའི་གློག་དམར་ཚུབས་སེ་ཚུབ། །གནམ་ལྕགས་སེར་ཆེན་ཤ་ར་ར། །རླུང་ནག་འཚུབ་མ་ཀྱི་ལི་ལི། །རང་བྱུང་གྲུ་གསུམ་འབར་བའི་དབུས། །རང་སྣང་ཡིད་ལས་གྲུབ་པ་ཡི། །ཟངས་ལྕགས་འདྲེས་པའི་སྐུ་མཁར་ན། །འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ། །དེ་འདྲའི་གནས་ཀྱི་མངའ་བདག་ནི། །ཞི་བའི་མིང་ལ་དྲག་པོའི་སྐུ། །སྐུ་མདོག་དམར་ལ་སྨུག་པའི་མདངས། །སྨ་ར་སྨིན་མ་ཁམ་སེར་འཁྱིལ། །སྤྱན་གསུམ་དཀར་ཆེན་ཤར་བ་འདྲ། །དུང་སོ་དཀར་པོ་འཁྲིགས་པ་ལ། །འཛུམ་པའི་བཞད་མདངས་ཡ་ལ་ལ། །དབུ་ལ་སྟག་ཞུ་ཁྲ་མོ་ལ། །བྱ་རྒོད་ལྡེམ་དར་པུ་རུ་རུ། །སྐུ་ལ་ཟ་འོག་བེར་ཆེན་ལ། །དཔའ་བོ་སྟག་གི་ངོ་ལག་ཅན། །དབྱི་བསམ་མཛེས་པའི་མུ་རན་ལ། །འཇའ་


CMR036_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྣ་ལྔའི་སིབ་མ་ཅན། །ཕྱག་གཡས་དར་མདུང་དམར་པོ་ཕྱར། །གཡོན་པས་བཙན་གྱི་ཤྭ་རྡེལ་འདྲིལ། །བཙན་ཞགས་དམར་པོ་གྲུ་ལ་བཀོན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཡ་ཚ་དཀར་ཕྲན་གློག་ལྟར་འཁྱུག །ཆིབས་སུ་མཚལ་བུ་སྟེང་དཀར་ཆིབས། །སྟག་སྒྲ་ཁྲ་བོ་ཝངས་སེ་ཝང་། །གསེར་སྲབ་གཡུ་མཐུར་སྤྲིངས་སེ་སྤྲིང་། །མུ་མན་གོང་སྨད་ཁྱུགས་སེ་ཁྱུག །དངུལ་དཀར་ཡོབ་ཆེན་ཁྲ་ལ་ལ། །དགེ་བསྙེན་ཞི་བ་རྒྱལ་མཚན་ཁྱོད། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་དུད་པས་བསང་། །ལྕམ་ཅིག་བཙན་གྱི་སྨན་མོ་ནི། །དཀར་ལ་དམར་མདངས་མཛེས་འཛུམ་ཞལ། །རིན་ཆེན་རྒྱན་ཆ་སི་ལི་ལི། །སྣ་ཚོགས་མཛེས་པའི་ན་བཟའི་སྟེང་། །རས་དཀར་མཛེས་པའི་གོ་ཟུ་གསོལ། །མེ་ཏོག་དམར་པོའི་ཆོ་ལོ་རིས། །ཕྱག་ན་མདའ་དར་མེ་ལོང་འཛིན། །ཆིབས་སུ་ཤ་བ་ཡུ་མོ་ལ། །དུང་གི་མགུལ་རྒྱན་སྒ་སྲབ་ཅན། །འཁོར་གྱི་སྨན་ཕྲན་མང་པོ་ཡང་། །སྦ་གླིང་སྨྱུག་གླིང་ཀྱུ་རུ་རུ། །སྨན་གྱི་བྲོ་ར་སྒོ་རོ་རོ། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །


CMR036_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སུར་ཤུག་ཕྱེ་མར་དུད་པས་བསང་། །འཁོར་གྱི་བཙན་ཕྲན་མང་པོ་རྣམས། །སྐྱེས་བུ་དར་མ་ཆས་བཟང་ལ། །བསེ་ལྕགས་ཟངས་ཀྱི་ཁྲབ་རྨོག་གསོལ། །སྟག་རལ་གཟིག་ཤུབས་ཆོ་ལོ་རིས། །མཆོག་དཀར་གཞུ་མོ་གྲུ་ལ་བཀོན། །བཙན་མདའ་སྟོང་དམར་ལག་ན་བསིལ། །བཙན་རྟ་རྒྱུག་དང་སྤྲེངས་སེ་སྤྲེང་། །བཤུག་སྒྲ་སིལ་ཆོམ་དི་རི་རི།གླུ་དང་བསྭ་སྒྲ་ལྷངས་སེ་ལྷང་། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །སུར་ཤུག་ཕྱེ་མར་དུད་པས་བསང་། །བཙན་རྒོད་དགེ་བསྙེན་དྲག་རྩལ་ཅན། །བརྒྱ་ཚོགས་སྟོང་ཚོགས་དབུས་ན་འགྱིང་། །ཁྲི་འགྲོའི་འབུམ་འགྲོའི་སྣ་ལ་རྒྱུག །མང་པོ་འདུས་ན་ཁ་དབང་ཆེ། །ཉུང་ངུ་འདུས་ན་ཁས་བཙན་པོ། །བཙན་རྒོད་ཞི་བ་རྒྱལ་མཚན་ཁྱོད་། །བསང་དང་མཆོད་པ་འདི་དག་བཞེས། །སྔོན་ཚེ་པདྨ་འབྱུང་གནས་དང་། །བར་དུ་གཤེན་སྒོམ་ར་ཐུལ་ཅན། །དེ་རྗེས་རང་བྱུང་རྡོ་རྗེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ཀྱི་ཁ་འཛིན་དང་། །སྡོང་གྲོགས་རྒྱབ་རྟེན་དཔུང་གཉེན་མཛོད། །བསམ་པ་ཡིད་བཞིན་འགྲུབ་


CMR036_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། ཀྱཻ། དེ་རིང་བསང་དང་མཆོད་པ་འདིས། །དུད་པ་གནམ་དུ་སོང་བ་ཡི། །ལྷ་སྲུང་རྨུགས་པ་ཐམས་ཅད་སོས། །མི་གཙང་གྲིབ་ཀྱི་ཕོག་པ་སོས། །ཕོག་ཐུག་ཉམས་པ་སྦྱང་དུ་གསོལ། །མེ་སྟག་བར་དུ་འཕྲོས་པ་ཡི། །འབག་རྩོག་གྲིབ་ཀྱི་ཕོག་པ་སོལ། །དམ་ཚིག་ཉམས་པའི་གྲིབ་ཀུན་སོལ། །མེ་ལྕེ་ས་ལ་འཁྱིལ་བ་ཡི། །ཐབ་བཞོག་དམེ་ཡུག་གྲིབ་རྣམས་སོལ། །བྱིང་འཐིབ་དམུ་གབ་ཐམས་ཅད་སོལ། །ན་ཚ་གོད་ཁ་མ་བཏང་ཞིག །བཙའ་པད་སེར་བ་མ་བཏང་ཞིག །འཁྲུག་རྩོད་གླེང་གཞི་བཏང་ཞིག །ཡག་དང་སྤྱོད་ལ་ཉེས་དང་བསྣོལ། །དམག་དཔོན་ཇག་དཔོན་ཚོང་དཔོན་མཛོད། །འགྲོ་འདུག་དུས་སུ་བསུ་སྐྱེལ་མཛོད། །ཡོ་བ་བསང་ལ་ཆད་པ་མཐུད། །གཉིད་ན་སློང་ལ་བརྗེད་ན་བསྐུལ། །བརྒྱ་ཡི་ནང་ནས་གཟི་མདངས་སྐྱེད། །སྟོང་གི་ནང་ནས་དཔའ་གཡེལ་བྱིན། །ཀུན་གྱི་ནང་ནས་སྲུང་མའི་སྐྱོབས། །ལེགས་ཁ་རྒྱལ་ཁ་ཐོབ་པ་དང་། །ཕ་ཕྱོགས་གར་འགྲོ་གར་འདུག་ཀྱང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །དངོས་གཞི་བསང་གི་ལེའུ་


CMR036_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའོ། །གོང་གི་འདོད་གསོལ་སོ་སོར་ཚང་། །ཁ་འཛིན་དེ་ཡི་ནང་དུ་འཐུས། །བསང་ཆེན་ཡིན་ན་བདུ་ཡེས་ཟླག །ཐབ་བསང་ཐུན་བསང་ལ་སོགས་ལ། །བཅའ་གཞི་མི་དགོས་འདོན་པས་འཐུས། །མགྲོན་རྣམས་ཀུན་གྱི་དངོས་གྲུབ་ནི། །རིན་ཆེན་ཆར་པ་འབེབས་པར་དམིགས། ཀྱཻ། ཁུ་ཡེ་ཁུ་ལྡན་ཁུ་བསྐྱོད་ཅིག །ཕུ་སྐོར་གཡང་སྐོར་ཀྱི་ལི་ལི། །ཕྱུ་ཆ་གཡང་ཆ་སྒ་ར་ར། །འཆི་མེད་པདྨའི་ཚེ་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །རིག་འཛིན་རྣམས་ཀྱི་བྱིན་རླབས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡི་དམ་རྣམས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དཔའ་བོ་ཌཱཀྐིའི་རྫུ་འཕྲུལ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སེང་གདོང་ཡབ་ཡུམ་གཉིས་བརྗེད་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྣམ་ཐོས་སྲས་ཀྱི་དཔལ་འབྱོར་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནོར་རྒྱུན་མ་ཡི་ནོར་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ལྷ་མོ་དཔལ་ཆེན་འབྲུ་གཡང་དེ།། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན།ཀུ་ཝེ་ར་ཡི་རྟ་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །གང་བ་བཟང་པོའི་ལུག་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མི་མགོན་དཀར་པོའི་མི་ཡི་གཡང་དེ། །ཁུ་ཡེ་


CMR036_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་དང་གཡང་དུ་ལེན། །གཉན་ཆེན་སྤོམ་རའི་རྨ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡེ་བརྫུ་མཆེད་ལྔའི་དྲག་རྩལ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྨུག་པོ་གདོང་གི་ཆེ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཨ་ལྕག་འབྲུ་ཡི་དཔའ་གཡང་དེ། །ཁུ་ཡེ་ཕྱ་དང་གཡང་དུ་ལེན། །ཝ་ཁྱུང་དབྲ་ཡི་ཕྱུགས་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །དམུ་ཚ་སྒ་ཡི་བཙུན་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གོ་ཁྲབ་བཙན་པོའི་བཙན་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན།བུ་རྟ་མགྱོགས་པའི་མགྱོན་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཟད་མེད་གཡང་དང་དངོས་གྲུབ་ཀུན། །ཕྱུ་ཧཱུྃ་གཡང་ཧཱུྃ་བདེ་ཆེན་སྐྱིད་པ་ཧཱུྃ།་བསང་ཆེན་ཡིན་ན་མཆོད་པ་བརྒྱ་། །མིན་ནི་རང་གར་འདོན་པས་འཐུས། ཨོཾ། བསང་མགྲོན་ཀུན་ལ་མཆོད་ཅིང་བསྟོད། །མཆོད་རྗེས་འབག་རྩོག་འགལ་འཁྲུལ་བཤགས། །ཡེ་ཤེས་པ་རྣམས་དབྱིང་སུ་གཤེགས་། །འཇིག་རྟེན་པ་རྣམས་རང་གནས་གཤེགས། བློ་བུར་ལྷག་པའི་འབྱུང་པོ་རྣམས། །མགུ་བར་གྱིས་ལ་གཞན་དུ་སོང་། །བཛྲ་མུ་གཙྩ་གཙྩ༔ རང་ཉིད་རྡོ་རྗེ་གྲོ་


CMR036_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལོད་ཀྱང་། །མཐའ་ནས་དབུས་ཡལ་སྟོད་པ་ཉིད། །བརྗེད་མེད་སྤྲོས་བྲལ་རྗེན་པར་བུད། །བསང་མཆོད་བྱས་པའི་བསོད་ནམས་ཀྱིས། །ཚེ་འདིར་ཚེ་རིང་མེད་ཅིང་། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །བཀྲ་ཤིས་གསུམ་གྱི་བཀྲ་ཤིས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བཀྲ་ཤིས་བཞི་ཡི་བཀྲ་ཤིས་པ། །ལས་བཞི་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ལྔ་ཡི་བཀྲ་ཤིས་པ། །རྒྱལ་པ་རིགས་ལྔའི་བཀྲ་ཤིས་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། །འཛམ་གླིང་རྒྱན་པའི་བཀྲ་ཤིས་ཤོག །མངྒ་ལཾ་བྷ་ཝནྟ་སྭཱ་ཧཱ། །ཞེས་པ་འདི་ནི་གྲག་སེང་ལྷ་ཐོག་དཔོན། །ཀརྨ་ཚེ་བརྟན་ཞེས་བྱས་ནན་གྱིས་བསྐུལ། །འོན་ཀྱང་མངོན་ཤེས་སྤྱན་དང་མི་ལྡན་ཕྱིར། །ལྷ་ཀླུ་གཞི་བདག་དངོས་སུ་མཐོང་ལ་མྱོང་། །མ་མཐོང་བར་སྨྲས་ན་ཚུལ་ཁྲིམས་ཉམས། །རྒྱུད་བཤད་གནས་ཡིག་ཆོས་འབྱུང་ཡིག་ཚང་དངོས། །འཇམ་དབྱང་པད་འབྱུང་མ་གཅིག་ལབ་སྒྲོན་གསུངས། །འཁྲུལ་མེད་ཁུངས་བཙུན་རྣམས་ལ་དཔང་པོ་བྱས། །རང་ཉིད་འཁྲུལ་པའི་རྨི་ལམ་དང་བསྟུན་ནས། །ལྕགས་ཕོ་ཕག་ལོ་རྒྱལ་གྱི་ཟླ་བ་ལ། །ཚེས་ལྔ་སྔོན་མ་ནས་བཟུང་ཉི་མ་བཞིར། །རཱ་ག་ཨ་སྱས་ངག་ནས་སྨོས་པ་ལྟར། །ལྷ་ཐོག་རུས་རིགས་ཐོབ་པའི་དགེ་སློང་ནི། །དགེ་བའི་མིང་ཅན་དེ་


CMR036_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་ཆོས་སྐྱོང་སྲུང་མར་བཤགས། །བསོད་ནམས་ཚོགས་རྫོགས་བསམ་པ་ལྷུན་གྲུབ་ཤོག །བསང་མགྲོན་གོ་རིམ་འཁྲུགས་མེད་བསྡུས་པ་འདི། །བསྟན་པའི་བྱུང་ཚུལ་བབ་དང་བསྟུན་པ་ཡིན། །ཐོ་བསྲེ་ཤིང་བསྲེ་ལེགས་དགོངས་ན་ཡང་། །མི་རྒན་འཆོལ་གཏམ་ཡིག་པས་ཐུགས་མ་ཁྲེལ། །ཉི་ནག་ཟིན་ཕུད་མེད་དུད་སོལ་གསུམ་ལ། །བསངས་བྱས་བར་སྣང་ལྷ་བྲན་ཐམས་ཅད་ལ། །ལན་ཆགས་རྣང་མ་བྱུང་བས་ཉེས་པ་ཆེ། །ཚེས་གཅིག་བསངས་བྱས་དམེ་ངོ་གྲིབ་ངོ་གདོང་། །ཚེས་དགུ་ཉེར་དགུ་བསངས་བྱས་གཉན་རིགས་འཁྲུག །ཞེ་དྲུག་ཉེར་དྲུག་བཅུ་དྲུག་རྣམས་ལ་ནི། །རི་མགོར་བསང་བྱས་ཞིང་ལྷ་མི་དགྱེས་པས། །ལོ་ཏོག་མི་ལེགས་སྐྱོན་དུ་གྱུར་པ་ཡིན། །དེ་མིན་ནམ་འདོད་བསང་ནི་རུང་བ་སྟེ། །རྒྱུན་དུ་ཆག་མེད་ལ་ནི་བརྩི་སྲོལ་མེད། །བསང་བརྒྱ་བཏང་ངམ་རྒྱུན་བསང་དབུ་འཛུགས་ནས། །སྐར་སྐྱོན་མེད་ཅིང་གཟའ་སྐར་བཟང་བ་གཅེས། །རྗེས་ཆོག་བརྩམ་དོན་ཞལ་གདམས་དང་བཅས་པའི། །བསང་ཡིག་ལེའུ་བཞི་པ་ཡོངས་སུ་ཚར། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒ་ལཾ།། ཤུ་བྷཾ། བྷ་ཝནྟུ། ཛཱ་ཡ་ཛཱ་ཡ་སུ་ཛཱ་ཡ་ཨེ་མ་ཧོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་བསྙེན་ཡེ་བརྫུ་ལྷ་བྲག་འཁོར་བཅས་ཀྱི་བསང་ཡིགnext