Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་བདག་བསང་སྣེ་གཉིས།
   
   
   


 
previousནོར་བདག་བསང་སྣེ་གཉིས།next

ནོར་བདག་བསང་སྣེ་གཉིས།


CMR036_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བདག་ནི། ཨོཾ་ཨ་ཀཱ་རོས་བརླབས། ཧཱུྃ། རྡོ་རྗེའི་བྲག་རི་རིན་ཆེན་ཤེལ་གྱི་མདོག །དམག་དཔོན་ཆས་འདྲ་གཡུ་མཚོའི་བརྒྱན་པ་ནས། །གཉན་པོ་བཱ་སུ་པ་ཏི་གསེར་གྱི་མདོག །མི་བོ་ཆེ་ཡི་ཆ་ལུགས་གཟི་བརྗིད་འབར། །ཕྱག་ན་ཡིད་བཞིན་རིན་ཆེན་རྒྱལ་མཚན་འཛིན། །འཁོར་བཅས་འདིར་གཤེགས་ཡིད་སྤྲུལ་གདན་ལ་བཞུགས། གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཟས་ཕུད་དཀར་གསུམ་དམ་རྫས་གཏོར་མ་བཞེས། །པད་འབྱུང་རིག་འཛིན་སྤྱན་སྔར་ཁས་བླངས་ལྟར། །རྣལ་འབྱོར་བདག་གི་འདོད་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་སྡོང་གྲོགས་མཛོད། །ཨོཾ་ཨཱ་མ་ནི་ལ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་རཱ་ག་ཨ་སྱས་སྦྱར་བའོ།། །


CMR036_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། རིན་ཆེན་རི་བོ་ལྷུན་ཆགས་པ། །སྐྱེས་བུ་ཤེལ་ཁྲབ་གྱོན་ནས་ཀྱང་། །བར་སྣང་ཁམས་སུ་འཕྱོང་འདྲ་ནི། །གཉན་པོ་ནོར་བདག་ཅེས་བྱ་བ། །འདོད་དགུ་བསྒྱུར་བའི་ལུས་ལྡན་ཕྱིར། །ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ནོར་ལྷའི་ཆ་ལུགས་མཛད་པའི་ཕྱིར། །མི་སེར་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་ཡི། །མཚན་པའི་རྒྱལ་མཚན་ནམ་མཁར་ཕྱར། །གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ནོར་ལ་གོད་ཁ་མ་བཏང་བར། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཨ་ན་མ་ཧཱུྃ། ཨོ་ཨཱ་བ་སུ་པ་ཏི་ལོ་ཀ་སིདྡྷི་ཧཱུྃ་སྭཱ་ཧཱ། གནམ་ཆོས་ལ་གཞིར་བཞག་སྟེ་ཀརྨ་ཨ་རཱ་ཟོགས་སོ།། །།


previousནོར་བདག་བསང་སྣེ་གཉིས།next