Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
   


 
previousའབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།next

འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།


CMR036_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ་བཞུགས་སོ།།


CMR036_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ། །ལྷ་སྲུང་གཉན་པོ་བསང་བའི་ཕྱིར། །བསང་ཁང་ཡིད་འོང་ཟླུམ་པོའི་ནང་། །ཕྱེ་མར་ཇ་ཆང་འབྲུ་སྣ་དང་། །ཕུད་རྒོད་ལ་སོགས་མཆོད་བཤམས་ནས། །བདེ་བའི་སྟན་ལ་འདུག་ནས་ནི། །ཁྲོས་འཁྲུག་ལོག་པའི་སེམས་སྤངས་ནས། །རོལ་མོ་དབྱངས་དང་བཅས་པ་ཡིས། ན་མོ། དཀོན་མཆོག་ཀུན་འདུས་པའི། །གུ་རུ་པདྨ་འབྱུང་གནས་ལ། །བདག་དང་འགྲོ་དྲུག་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ལ་འགོད་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཆོས་ཀུན་མི་དམིགས་རྫོགས་པ་ཆེ། །དེ་ཡི་རང་མདངས་སྐད་ཅིག་ལས། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ། །སྨུག་


CMR036_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ནག་སྤྱན་གསུམ་ཨོཾ་གཙིགས་བསྡམ། །རྡོ་རྗེ་ཕྱར་ཞིང་ཕུར་བུ་གཟིར། །ཕོད་ཁ་ཆོས་གོས་མགོ་ཕྲེང་བརྒྱན། །སྟག་མོའི་སྟེང་ན་འདོར་སྟབས་བཞུགས། །དམ་ཡེ་དབྱེར་མེད་རྫོགས་པར་གསལ། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ཐམས་ཅད་སྤྱན་དྲངས་ནས། །ནམ་མཁའི་བར་སྣང་གང་བར་གྱུར། ཀྱཻ། སྐུ་གསུམ་དག་པའི་ཞིང་ཁམས་ནས། །བླ་མ་ཡི་དམ་མཁའ་འགྲོ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གཤེགས་དང་བཞུགས་པ་མི་དམིགས་ཀྱང་། །བདག་ཅག་བསོད་ནམས་བསགས་པའི་མཐུས།


CMR036_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས། །མ་ཧཱ་ཀཱ་ལ་སྟག་ཞོན་པ། །དེ་ཉིད་སྒྲུབ་པའི་བན་ཐུང་མ། །གཉན་པའི་རྨ་གཉན་སྤོམ་ར་དང་། །མགོན་སྐྱབས་སྡོང་གྲོགས་བྱེད། པ་ཡི། །དགྲ་ལྷ་ཡུལ་ལྷ་ཕོ་ལྷ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །དར་ཟབ་འབྲུ་སྣ་རིན་ཆེན་བདུན། །མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །སོ་སོར་ཡོན་ཏན་མཐའ་ཡས་པ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །དྷི་ལས་དུད་པའི་ལྷ་མོ་ནི། །སྔོན་མོ་དར་དང་རིན་ཆེན་བརྒྱན། །གཡས་པས་ཁྲུས་བུམ་གྲིབ་རྣམས་བཀྲུས། །ཕྱག་གཡོན་སྨན་གྱི་གཞོང་པ་བསྣམས། །སྤོས་ཀྱི་དུད་པས་ནམ་མཁའ་གང་། །ནམ་མཁའི་མཐར་ཐུག་ཞིང་ཁམས་ཀུན། །སྤྲོས་ཀྱི་འཁྲི་ཤིང་དུད་པས་འབྲེལ།དུ་བའི་ཟེར་མ་རེ་རེ་ལས། །འདོད་ཡོན་སྣ་ཚོགས་ཆར་དུ་འབེབས། །བཛྲ་དྷུ་པེའི་བྱིན་གྱིས་བརླབས། །འདི་འདྲའི་ཡ་མཚན་དུད་སྤྲིན་འདིས། །ལྷ་དང་སྲུང་མ་ཐམས་ཅད་


CMR036_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བསང་། །པདྨ་འབྱུང་གནས་རིགས་གསུམ་མགོན། །རྒྱལ་སྲས་བྱང་སེམས་ཐམས་ཅད་བསང་། །རྗེ་འབངས་ཉི་ཤུ་རྩ་ལྔ་སོགས། །རྒྱུད་སྡེ་དྲུག་ལྡན་བླ་མ་བསང་། །བཀའ་དགོངས་ཕུར་གསུམ་ལ་སོགས་པ། །རྒྱུད་སྡེ་དྲུག་གི་ལྷ་ཚོགས་བསང་། །བེར་ནག་ཅན་དང་མ་ནིང་སོགས། །མགོན་ཆེན་བཞི་བཅུ་ཞེ་ལྔ་བསང་། །རང་བྱུང་རྒྱལ་མོ་རེ་མ་ཏི། །ལྷ་མོ་སྟོང་དང་རྩ་བརྒྱད་བསང་། །གནོད་སྦྱིན་ཕོ་དགུ་མོ་དགུ་སོགས། །ནོར་ལྷ་གཏེར་བདག་ཐམས་ཅད་བསང་། །ཨ་པར་ཙིཏྟ་ཚོགས་བདག་སོགས། །ཕྱུགས་ལྷ་གཡང་གི་བདག་པོ་བསང་། །རེ་མན་ཏ་དང་ཀུ་ཝེ་ར། །རྔོག་ཆགས་བདག་པོ་ཐམས་ཅད་བསང་། །གདོང་ལྷ་སྨུག་པོ་ལ་སོགས་པའི། །དགྲ་ལྷ་ཝེར་མ་ཐམས་ཅད་བསང་། །ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །ལྷ་མིན་བདུད་ཀྱི་དཔུང་གཡོས་ནས། །ལྷ་ཡུལ་ཕྱེད་ཙམ་འཕྲོག་པའི་ཚེ། །བརྒྱ་བྱིན་མངོན་ཤེས་ལྡན་པ་དེས། །དབང་ཕྱུག་མ་ཧཱ་དེ་ཝ་ལ། །ལྷ་མོ་ཨུ་མ་བཙུན་མོར་ཕུལ། །ཡབ་ཡུམ་དེ་


CMR036_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཚོགས་པའི་སྲས། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །མགོན་པོ་མ་ཧཱ་ཀཱ་ལ་འཁྲུངས། །སྐུ་ལ་དར་ནག་བེར་ཆེན་གསོལ། །ཕྱག་གཡས་ཙནྡན་བེང་ཆེན་བསྣམས།ཙནྡན་བེང་གི་བེང་ནང་ནས། །ལྷ་དམག་བྱེ་བ་འབུམ་ཁྲི་འགྱེད། །གཡོན་པས་ལྕགས་ཀྱི་པར་བུ་བསྣམས། །དམ་ཉམས་དགྲ་བོའི་སྙིང་ཁྲག་འཐུང་། །ཆིབས་སུ་དཔའ་རྔམས་སྟག་ལ་ཆིབས། །ནག་པོ་སྟོང་གི་འཁོར་གྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །ལྷ་མིན་བདུད་ཀྱི་གཡུལ་ངོ་བཟློག །དཀར་པོ་ལྷ་ཡི་རྒྱལ་སྲིད་བཟུང་། །རྡོ་རྗེ་འཚང་གིས་དབང་བསྐུར་ནས། །ཕྱག་ན་རྡོ་རྗེས་དམ་ཚིག་ཕབ། །སངས་རྒྱས་བསྟན་པ་སྲུང་བ་དང་། །རྣལ་འབྱོར་བུ་བཞིན་སྐྱོང་བ་དང་། །ཁས་བླངས་དམ་བཅས་མནའ་ཟབོར་ནས། །སྔོན་གྱི་དམ་ཚིག་དྲན་མཛོད་ལ། །སྟག་ཞོན་མ་ཧཱ་ཀཱ་ལ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་དུད་མཆོད། །སྟག་ཞོན་གྲུབ་པའི་རིག་འཛིན་གྱི། །རིགས་སུ་སྐྱེས་པའི་བག་ཆགས་རྣམས། །སུ་ལ་མི་རེ་ཁྱོད་ལ་རེ། །སུ་ལ་མི་ལྟོས་ཁྱོད་ལ་ལྟོས། །རིགས་ཀྱི་བུ་ལ་རྒྱུད་ཀྱི་ལྷ། །འཁོར་བ་


CMR036_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་ལུགས་ཡིན་ཕྱིར། །མིས་ཀྱང་ལྷ་ལ་མཆོད་པ་འབུལ། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །ནད་གདོན་བར་ཆད་ཐམས་ཅད་སོལ། །ཚེ་དང་དབང་ཐང་ལོངས་སྤྱོད་སྤེལ། །བྱད་ཁ་དགྲ་འདྲེའི་གནོད་པ་ཟློག །ཨོཾ་མ་ཧཱ་ཀཱ་ལ་རཱུ་པ་ཏྲི་ཡཾ་ཛ་ཛསརྦ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ། ཞེས་དང་། དེ་ནས་རིག་འཛིན་འབྲོང་པ་བན་ཐུང་གི་གསོལ་མཆོད་ནི། ཀྱཻ། འབྲོང་པའི་རིགས་འཁྲུངས་བན་ཐུང་མ། །སྟག་ཞོན་མ་ཧཱ་ཀཱ་ལ་བསྒྲུབ། །མགོན་པོ་ནག་པོས་ཞལ་བསྟན་ནས། །རིགས་རྒྱུད་བཙན་དར་དངོས་གྲུབ་གནང་། །གྲུབ་རྟགས་ནམ་མཁར་གཤེགས་བཞུགས་མཛད། །དངོས་ཉིད་མཁའ་སྤྱོད་གནས་ན་བཞུགས། །སྤྲུལ་པ་དགྲ་བླའི་ཚུལ་བཟུང་ནས། །འབྲོང་རིགས་ཀུན་གྱི་དགྲ་བླ་མཛད། །རྫུ་འཕྲུལ་ཐོགས་པ་མེད་པའི་ཕྱིར། །བཙུན་པ་ཆོས་བཟང་གཅིག་གི་ཆས། །ཕྱག་གཡས་སྤུ་གྲིས་དགྲ་སྲོག་གཅོད། །གཡོན་པས་རྒྱ་མས་ཕྱུགས་གཡང་སྡུད། །དར་ཕྲུག་དམར་པོའི་ན་བཟའ་ལ། །སྟག་གཟིག་ལྤགས་པའི་གོང་ལག་ཅན། །འཇའ་ཚོན་སྣ་ལྔའི་ཆ་ལག་ལ། །དབྱི་སྤྱང་ལྤགས་པའི་མུ་རན་བཀྲ། །རི་བྲག་ཐོགས་པ་མེད་པའི་ཕྱིར། །


CMR036_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་སག་ཏའི་ལྷམ་ཆེན་གསོལ། །ཆུ་དང་རབ་ལ་ཐོགས་མེད་ཕྱིར། །ཞབས་གཡོན་ས་ནི་རྗེན་པར་བཞུགས། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །དྲག་གཏུམ་དཔའ་བརྗིད་མེ་ལྟར་འབར། །དགྲ་བླ་ཆེན་པོ་བན་ཐུང་མ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བདག་ཅག་བུ་དང་ཚ་བོ་ལ།ཕ་རྒན་ཁྱོད་ཀྱིས་སྡོང་གྲོགས་མཛོད། །བུ་སྲིང་ཤག་རོགས་ཕ་སྤྱན་གྱི། །ཡུལ་དུ་ཕ་མཚུན་མ་འཁྱམས་པར། །དགྲ་བླ་མི་དང་མ་འབྲལ་ཅིག །གོ་མཚོན་རྣམས་ལ་བརྟན་པར་བཞུགས། །མཉམ་གཉིས་མི་དང་རྩལ་འདྲེན་ན། །དཔའ་གཡང་གཞན་ལ་མ་ཤོར་ཅིག །མཉམ་གཉིས་མི་དང་ཕྱུགས་འདྲེན་ན། །ཕྱུགས་གཡང་གཞན་ལ་མ་ཤོར་ཅིག །དགྲ་ཇག་རྐུན་སྣ་བྱུང་བའི་ཚེ། །ར་མདའ་རྗེས་གཅོད་མ་གཡེལ་ཅིག །དམག་དང་ཇག་ལ་འགྲོ་བའི་ཚེ། །དམག་དཔོན་ཇག་དཔོན་དགྲ་བླ་རེམ། །བུ་རྟ་འཚོས་ལ་དགྲ་དཔུང་ཆོག །ལེགས་ཁ་རྒྱལ་ཁ་བདག་ལ་བྱིན། །རྒྱུན་དུ་ལུས་དང་གྲིབ་བཞིན་འགྲོགས། །ཅི་བསམ་འགྲུབ་པའི་ཕྲིན་ལས་མཛོད། །བསྲོ་བསྲོ་ཏ་ལི་ཀུ་ལི་མི་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་


CMR036_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་ལན་གསུམ་བརྗོད། ཨ་མྱེ་སྤོམ་རའི་བསང་མཆོད་བྱ་བ་ནི། ཀྱཻ། ཤར་ཕྱོགས་གངས་རི་ཤེལ་བྲག་ནས། །མགུར་ལྷ་རྣམ་རྒྱལ་སྤོམ་ར་ནི། །མི་དཀར་དུང་རྨོག་དུང་ཁྲབ་ཅན། །དར་འཕྲུ་ཉི་མ་ཕོད་ཁས་བརྒྱན། །ཕྱག་གཡས་སྦ་ལྕག་མདུང་དར་ཕྱར། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །དུང་རྟ་གཡུ་རྔོག་འཕུར་ཤེས་ཆིབས་། །རྨ་སྲས་དུང་གི་སྐྱ་མི་དགུ། །རྨ་ཆེས་ལྡན་ཞིང་མདུང་དར་ཕྱར། །སྲིང་མོ་ལྕམ་དགུ་ཡུམ་དང་བཅས། །དར་ཟབ་རིན་ཆེན་སྣ་ལྔས་བརྒྱན། །སྦ་གླིང་བསྒྱུར་ཞིང་མེ་ལོང་བལྟ། །སྲིང་ལྕམ་བཞི་བཅུ་ཞེ་ལྔ་དང་། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །རྨ་སྨན་འབུམ་དང་བཅས་པ་དང་། །རྨ་རྒྱལ་སྤོམ་ར་འཁོར་བཅས་རྣམས། །འདིར།གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །སྔོན་གྱི་བསྐལ་པའི་དང་པོ་ལ། །སྤོམ་ར་ཁྱོད་ཀྱི་རྫུས་བུ་ནི། །འབྲོང་རྗེ་འབྲོང་བདག་ཟིལ་དཀར་འཁྲུངས། །བདག་ཅག་དེ་ཡི་རིགས་རྒྱུད་ཡིན། །དུས་ངན་བསྐལ་པའི་སྙིགས་མ་ལ། །ཚ་བོ་ངེད་རྣམས་མགོན་སྐྱབས་ནི། །མེས་པོ་ཁྱོད་ཀྱིས་མ་སྐྱོབས་ན། །ལྷ་མི་


CMR036_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སྤྱན་ལམ་དུ། །ཁྱོད་ལ་སྨ་ཕབ་མི་ཆེའམ། །མཆོད་དོ་ཨ་མྱེ་སྤོམ་ར་མཆོད། །བསང་ངོ་ཨ་མྱེ་སྤོམ་ར་བསང་། །ཚ་བོ་ང་ལ་དངོས་གྲུབ་སྩོལ། །མི་འཕེན་རྟ་ཧྲག་བཙན་དང་ལྡན། །ཟས་དང་ནོར་ལ་གཡང་ཆགས་པའི། །ཨ་མྱེ་སྤོམ་རའི་དངོས་གྲུབ་དེ། །ཚ་བོ་ང་ལ་མྱུར་དུ་བྱིན། །ཨོ་བཛྲ་ཀུ་ལི་མུ་ཡེ་ཡེ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཀྱཻ། གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཕ་རི་གཡས་དང་ཚུར་རི་གཡོན། །མདུན་རི་རྒྱབ་རི་མཚེར་ས་དང་། །གནས་པའི་ཡུལ་ལྷ་གཞི་བདག་དང་། །ས་བདག་ཀླུ་གཉན་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་བས། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཐུགས་དང་འགལ་བར་བཟོད་པར་གསོལ། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །དེ་ནས་ཁུ་ཡེ་སོགས་རྗེས་ཀྱི་བྱ་བ་ནི། ཀྱཻ། རྨ་དང་གཡང་གི་བདག་པོ་ཡི། །རྨ་རྒྱལ་སྤོམ་ར་འཁོར་བཅས་རྣམས།་རྨ་གཡང་གནམ་གྱི་ཆར་ལྟར་ཕོབ། །རྨ་ཡི་ཡོ་མ་བརྒྱ་སྟོང་ཡང་། །རྟེའུ་གཅིག་ཀྱང་ཤི་བ་མེད། །ཁུ་ཡེ་ཕྱྭ་གཡང་རྟ་ལ་ཕོབ། །རྨ་ཡི་ལུག་ཁྱུ་བརྒྱ་སྟོང་ཡང་། །ལུག་གུ་


CMR036_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀྱང་ཤི་བ་མེད། །ཁུ་ཡེ་ལུག་གཡང་ལུག་ལ་ཕོབ། །རྨ་ཡི་ནོར་ཁྱུ་བརྒྱ་སྟོང་ཡང་། །བེའུ་གཅིག་ཀྱང་ཤི་བ་མེད། །ཁུ་ཡེ་ནོར་གཡང་ནོར་ལ་ཕོབ། ཨོཾ། ཁུ་ཡེ་ཁུ་ཡེ་གཡང་ཕོབ་ཅིག །མུ་ཡེ་མུ་ཡེ་གཡང་ཕོབ་ཅིག །ཏིང་ལམ་ཏིང་ལམ་གཡང་ཕོབ་ཅིག །སུ་ཡུ་སུ་ཡུ་གཡང་ཕོབ་ཅིག །ཧུ་ཡ་ཧུ་ཡ་གཡང་ཕོབ་ཅིག །ཕྱྭཉི་མ་ཙམ་ཞིག་ཀྱི་ལི་ལི། །ཕྲུ་ཁུག་ནང་དུ་ཀྱི་ལི་ལི། །གཡང་ཟླ་བ་ཙམ་ཞིག་སྒ་ར་ར། །གཡང་ཁུག་ནང་དུ་སྒ་ར་ར། །གཡང་བདག་ང་ཡི་གཡང་དུ་ལེན། །ཕྱུ་འདི་རི་ལ་མ་བྲོས་ཤིག །གཡང་འདི་ཁྱིམ་དུ་མ་ཉམས་ཤིག །ཕྱུ་ཧཱུྃ་གཡང་ཧཱུྃ་བདེ་ལེགས་སྐྱིད་པ་ཧཱུྃ། །ལྷ་རྣམས་མཆོད་ཅིང་བསྟོད་དོ་ཨེ་མ་ཧོ། །འབག་བཙོག་མཆོད་པ་ཆུང་སོགས་མཐོལ་ལོ་བཤགས། །གཡང་ལྷ་སྦྲ་ཁྱིམ་ནོར་ལ་བཞུགས། །འཇིག་རྟེན་བསང་མགྲོན་རང་གནས་གཤེགས། །ཡེ་ཤེས་པ་རྣམས་བདག་ལ་ཐིམ། །བདག་ཉིད་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་མི་དམིགས་སྟོང་པ་ཉིད། །རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བསང་མཆོད་


CMR036_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བའི་དགེ་བ་ཡིས། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །ཚེ་དཔག་མེད་དང་དབྱེར་མེད་ཤོག །ཅེས་པ་འདི་ནི་བསྟན་པ་སྤྱི་ཁྱབ་ཀྱི་དགེ་བས་རགས་པ་ཙམ། ཁྱད་པར་འབྲོང་པའི་དགྲ་བླའི་བསང་མཆོད་ཅུང་ཞིག་རྒྱས་པར་སྨོས་པ་ཚང་མ་འདི་ནི་འབྲོང་པ་རྡོར་ཤུལ་དཔོན་གྱིས་བསྐུལ་ངོར། དགེ་སློང་རཱ་ག་ཨ་སྱས་བཀོད་པའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།next