མགོན་པོ་རྡོ་རྗེ་མོན་པའི་བསང་མཆོད།
མགོན་པོ་རྡོ་རྗེ་མོན་པའི་བསང་མཆོད་བཞུགས་སོ།། ཀྱཻ། གཙུག་ཕུའི་བྲག་རི་ཆོས་བཤད་དང་། །ཉ་རོང་གཡོན་ཟུར་བྲག་རྒྱུད་ནི། །མགོན་པོ་སྡོང་ཞེས་གྲགས་པ་ལ། །གནས་པའི་མགོན་པོ་ནག་པོའི་རིགས། །རྡོ་རྗེ་མོན་པ་གསང་བའི་མཚན། །མཐིང་མདོག་ཨ་ཙ་ར་ཡི་གཟུགས། །ཐོར་ཅོག་དབང་རྟགས་རྡོ་རྗེས་མཚན། །ཨག་ཚོམ་སྨིན་མ་རིང་ལ་འཕྱུགས། །གཅེར་བུ་སྟག་གི་ཤམ་ཐབས་ཅན། །ཕྱག་གཡས་མི་སྣོད་སྤོས་ཕོར་ལ། །གཡོན་པས་ཐུན་ཀོང་མེ་འབར་བསྣམས། །རྒྱན་དང་ཆ་ལུགས་རྫུ་འཕྲུལ་སྟོབས། །གཉན་མགོན་བྲམ་གཟུགས་ཉིད་དང་མཚུངས། །མིང་ནི་མགོན་པོ་ནག་པོ་ཟེར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །རབ་ཏུ་མཉེས་ཤིང་ཚིམས་གྱུར་ནས། །སངས་རྒྱས་བསྟན་པ་སྲུང་བ་དང་། །མི་དང་ནོར་ཕྱུགས་འཕེལ་བ་དང་། །འདོད་དགུ་དབང་དུ་སྡུད་པ་སོགས། །ལས་ཚོགས་བཅུ་གཉིས་འགྲུབ་པར་མཛོད། །བཀའ་ཡི་སྲུང་མ་མཛད་དུ་གསོལ། །མགོན་པོ་རྡོ་རྗེ་མོན་པ་ཡི། །ཚེ་རབས་ལས་ཀྱི་ཕོ་ཉ་བ། །ཁྲབ་རི་ལ་གནས་མགོན་པོའི་
རིགས། །མི་དཀར་དཔའ་བརྗིད་རྟ་དཀར་ཞོན། །རྒྱབ་ན་མཚལ་ཕུག་དམར་པོ་ཁུར། །ཕྱག་གཡས་རལ་གྲི་གཡོན་མདུང་དར། །དེ་ཡི་འཁོར་ནི་བཀའ་སྡོད་གསུམ། །གཅིག་ནི་མི་དམར་རྟ་རུ་དམར། །སྐུ་ལ་བྱི་རུའི་ཁྲབ་རྨོག་གསོལ། །བྱི་རུའི་མདུང་དང་རལ་གྲི་ཕྱར། །གཅིག་ནི་མི་སེར་རྟ་ཡང་སེར། །རྨོག་ཁྲབ་མདུང་དང་རལ་གྲི་ཡང་། །སེར་པོ་སྤོས་ཤེལ་ལས་གྲུབ་པ། །གཅིག་ནི་རྐང་ཐང་ཕུབ་རྨོག་ཅན། །མི་ཡི་ཆ་ལུགས་འདྲ་བ་སྟེ། །ཁྲབ་རི་གཙོ་འཁོར་བཞི་པོ་ཡང་། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཉ་རོང་ཡར་མགོ་ནགས་ཀྱི་རྩེ། །གནམ་རྫོང་ཞེས་བྱ་ལ་གནས་པ། །མི་དམར་ཁྲག་གི་མདོག་ཅན་ལ། །གོས་རྣམས་མེ་ལྕེའི་རང་བཞིན་ཅན། །གཡས་པས་རལ་གྲི་དམར་པོ་ཕྱར། །གཡོན་པས་འཇིམ་པ་ལས་གྲུབ་མདུང་། །ཆིབས་སུ་བཙན་རྟ་མཚལ་བུ་ལ། །རྐང་དུང་མང་པོའི་རྒྱན་ཅན་ཆིབས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཞྭ་དཀར་སྤུན་གསུམ་ཆ་ལུགས་མཚུངས། །ཞལ་མདོག་དམར་སྨུག་བརྗིད་པ་
ལ། །ཞྭ་དཀར་ཕྲུག་དཀར་རལ་གུ་ཅན། །མདའ་གཞུ་འཁོར་གསུམ་སྐེད་ལ་བསྐོར། །གཡས་པ་ཐམས་ཅད་རལ་གྲི་ཕྱར། །གཡོན་གསུམ་མདུང་བསྣམས་བ་དན་དམར། །དར་དམར་ཅོད་པན་བཏགས་པ་བསྣམས། །འཁོར་ནི་རྐང་ཐང་མང་པོས་བསྐོར། །ཞྭ་དཀར་སྤུན་གསུམ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གྲོ་བ་ལྕོག་ལ་གནས་པ་ཡི། །མི་མ་ཡིན་ནི་རྒན་རྒོན་གཉིས། །བུ་ཆུང་མཛེས་པ་གཞོན་ནུ་ལྔ། །བུ་མོ་མཛེས་པ་གཞོན་ནུ་ལྔ། །གྲོ་བ་ལྕོག་གི་ཕ་མ་བུ། །བཅུ་གཉིས་འདིར་གཤེགས་བསང་མཆོད་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཉ་ཐོག་འོག་གི་བྲག་ནག་དང་། །ལམ་ལ་གནས་པའི་བྲག་སྲིན་ནི། །མི་དམར་ཁྲག་རལ་མི་ལ་ཆིབས། །བུད་མེད་དམར་མོ་ཁྲག་རལ་ཅན། །ཁྱི་ཞོན་གཉིས་ཀ་གློ་སྙིང་ཐོགས། །ཐང་མགོའི་མཚོ་བདག་ཀླུ་བདུད་ནི། །བཙན་གཟུགས་མགོ་ལ་ཞྭ་ཁྲ་གྱོན། །མི་རྐང་གླིང་བུ་སྐྱེད་ལ་བཅུག །དེ་ཡི་ལྕམ་གཅིག་སྦྲ་ཁ་ནི། །མཚོ་སྨན་དུང་གི་རྒྱན་ཆ་ཅན། །ཉ་ཐོག་འོག་གི་བྲག་ནག་དང་། །
མཚོ་དང་ཆུ་ལ་གནས་པ་ཡི། །ཀླུ་དང་ས་བདག་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཉ་རོང་ལྕང་རྒན་ཆུ་མིག་ལ། །གནས་བཅས་ཀླུ་བཙན་དྲག་རྩལ་ཅན། །མི་དམར་རལ་པས་སྟོད་ཁེབས་པ། །སྐུ་ལ་གོས་དམར་རལ་གུ་ཅན། །ཕྱག་ན་མདུང་དང་རལ་གྲི་འཛིན། །ཉ་རོང་རི་ཁྲོད་ས་སྐོག་ལ། །གཉུག་མར་གནས་པ་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གསེར་ཁའི་མཚོ་བདག་ཀླུ་བདུད་ནི། །མི་ནག་རལ་པས་ལུས་ལ་ཁེབས། །མཆེ་བ་གཙིགས་ཤིང་སྦྲུལ་ནག་ཆིབས། །སྦྲུལ་གྱི་པགས་པ་གོས་སུ་གྱོན། །ཕྱག་གཡས་ཁབ་ལེན་རྡོ་ཕྱར་ཞིང་། །གཡོན་པས་གྲི་དང་ཕུར་པ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གཞན་ཡང་མགོན་པོ་ནག་པོའི་རིགས། །རྡོ་རྗེ་མོན་པའི་བཀའ་ཡི་འཁོར། །གཉན་པོ་ནོར་བདག་ཆོས་ཉན་བྲག །རྡོ་རྗེ་གཡོ་སྨད་ཨ་ཙ་ར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གཞན་
ཡང་རྡོ་རྗེ་མོན་པའི་གནས། །རྒྱ་གར་རྒྱ་ནག་བལ་པོ་དང་། །རྨ་ཡུལ་ཚ་བ་འབེ་ཡི་ཡུལ། །གནས་བཞི་ཉི་ཤུ་རྩ་གཅིག་གི །ཉེ་སྐོར་གཞི་བདག་ཕལ་ཆེ་བ། །རྡོ་རྗེ་མོན་པའི་འཁོར་ལགས་པས། །སོ་སོའི་ཕོ་བྲང་གཞལ་ཡས་སུ། །བསང་དུད་མཆོད་པའི་སྤྲིན་ཆེན་པོས། །སོ་སོར་མཉེས་ཤིང་ཚིམ་གྱུར་ཅིག །ཁྱད་པར་གཙུག་རག་ཉ་རོང་གི །ས་ཕྱོགས་འདི་ལ་གནས་པ་ཡི། །མིང་དང་མཚན་ནས་མ་ཐོན་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སོ་སོར་མགུ་ཞིང་ཚིམ་གྱུར་ཅིག །རྗེ་བཙུན་སངས་རྒྱས་དབོན་པོ་སོགས། །རིག་འཛིན་སྤྱན་སྔར་ཁས་བླངས་ལྟར། །ཡུལ་ཕྱོགས་བདེ་ཞིང་སྐྱིད་པ་དང་། །བསྒྲུབ་ལ་བར་ཆད་མེད་པར་མཛོད། །ཁྱེད་རྣམས་ཡུལ་འདིར་གནས་པའི་ལྷ། །བདག་ཅག་ཡུལ་འདིར་གནས་པའི་མི། །གནས་མགྲོན་གཉིས་ཀྱི་དམ་ཚིག་བསྲུང། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །མཐུ་རྩལ་ནུས་པ་ཅི་གདའ་ལྟ། །རྟགས་མཚན་
དངོས་གྲུབ་དངོས་སུ་སྩོལ། །ལོ་ལེགས་ཡུལ་ཁམས་བདེ་བར་མཛོད། །ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།