ཐབ་ལྷ་བསང་མཆོད།
ཐབ་ལྷ་མཆོད་ཐབས་ལ། ཐབ་ཐོག་བཟང་ཤིང་སྣ་ཚོགས་བསང་དུད་དང་། །ཕྱེ་མར་ཇ་ཆང་འོ་ཕུད་དཀར་མངར་མཆོད། །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་རྣམ་གསུམ་གྱིས། །བྱིན་རླབས་གྱེར་སྒོམ་སྒྲུགས་ལ་འདི་སྐད་དོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཐབ་ལྷ་སེ་ཤར་ནི། །མི་ཕོ་དཀར་པོ་སེང་གེ་འགྱིང་བ་འདྲ། །སྐུ་མདོག་དཀར་པོ་གཟི་མདངས་ཅན། །ཕྱག་ན་བ་དན་དཀར་པོ་རྒྱུཕྱར། །འོད་གསལ་ལྷ་ཡི་སྤྲུལ་པ་ཡིན། །བདེ་གཤེགས་བཀའ་བརྒྱུད་ཁྱེད་ཡིན་པས། །སྔགས་འཆང་བདག་གི་བཀའ་ལ་ཉོན། །ལུས་ནི་མི་རྟག་སྒྱུ་མ་འདྲ། །འབྱུང་བ་རྣམ་ལྔ་ལུས་ལ་ཚང་། །ནམ་མཁའི་དབྱིངས་བྱོན་སངས་རྒྱས་ཡིན། །སེམས་ཅན་ཀུན་ལ་སྲུང་སྐྱོབ་མཛོད། །བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །ལྷ་ཡི་ཡུལ་བྱོན་ཕམ་ལྟུང་ཞི། །ལྷ་མིན་ཡུལ་བྱོན་འཐབ་རྩོད་ཞི། །མི་ཡི་ཡུལ་བྱོན་དབུལ་ཕོངས་ཞི། །བྱོལ་སོང་ཡུལ་བྱོན་གླེན་ལྐུགས་ཞི། །ཡི་དྭགས་ཡུལ་བྱོན་བཀྲེས་སྐོམ་ཞི། །དམྱལ་བའི་ཡུལ་བྱོན་ཚ་གྲང་ཞི། །རྒྱ་མཚོའི་ཡུལ་བྱོན་ཀླུ་ནད་ཞི། །རི་རབ་རྩེར་བྱོན་གཉན་ནད་ཞི། །ས་གཞིའི་ཁམས་བྱོན་ས་གདོན་ཞི། །ཞིང་གནས་ཞིང་ལྷ་ཚངས་པ་ཡིན། །ལོ་སྨིན་
བཙའ་སད་སེར་གསུམ་ཞི། །མཁར་ལས་མཁར་ལྷ་དཀར་པོ་ཡིན། །དགྲ་གདོན་ཐམས་ཅད་ཁྱོད་ཀྱིས་ཐུབ། །ཁྱིམ་ནས་ཁྱིམ་ལྷ་གེའུ་ཐུང་ཡིན། །འགྱུར་བ་མེད་པའི་བརྟན་ཕུར་མཛོད། །ར་བ་ལྷས་གནས་ཕྱུགས་ལྷ་མཛོད། །གོད་ཁ་གོད་འདྲེ་ཁྱོད་ཀྱིས་སྒྱུར། །ཐབ་གནས་ཐབ་ལྷ་སེ་ཤར་ཁྱེད། །ཐབ་འདྲེ་གཞོབ་གསུམ་མ་བྱེད་ཅིག །བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །བཀྲེས་སྐོམ་དབུལ་ཕོངས་ཞི་གྱུར་ཅིག །དེ་ནས་མཆོད་པ་འབུལ་བ་ནི། །ཀྱཻ། བཟང་ཤིང་སྣ་ཚོགས་བསང་དུད་དང་། །དཀར་གསུམ་མངར་གསུམ་ཇ་ཆང་དང་། །ཕྱེ་མར་འོ་སྐོལ་མཆོད་པ་འདི། །འོད་གསལ་མི་ཕོ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཐབ་ལྷ་སེ་ཤར་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཐབ་ལྷ་ཕྱུག་མོ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཐབ་ལྷ་གཡུ་མཚོ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཟས་ལྷ་གྲོགས་ལྷ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །བཤགས་པ་ནི། དེ་ལྟར་ཐབ་ལྷ་རྣམས་ལ་གསོལ་མཆོད་
ནས། །རྨུགས་ཐབས་དྲག་ཤུལ་ལས་བྱས་དང་། །དཀར་ཕྱུར་དམར་ཕྱུར་ཐབ་གཞོབ་སོགས། །རོ་བག་དམར་གཡོས་ལ་སོགས་པ། །མི་མཐུན་འབག་བཙོག་སོང་བ་རྣམས། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །དེ་ནས་སྨོན་ལམ་ནི། །ཀྱཻ། དེ་ལྟར་ཐབ་ལྷ་འཁོར་བཅས་ལ། །གུས་པས་མཆོད་བསྟོད་བཟོད་གསོལ་ནས། །ཐབ་ཀ་མ་ཞིག་སྐྱེད་པུ་མ་འཐོར་ཅིག །མར་ཁུའི་མཚོ་མོ་མ་སྐམ་ཞིག །འོ་ཞོ་ཞབས་རུལ་མ་ཆད་ཅིག །ཇ་ཆང་རྒྱ་མཚོ་མ་རལ་ཞིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །རི་རབ་བཞིན་དུ་བརྟན་པར་མཛོད། །རྒྱ་མཚོ་བཞིན་དུ་ཟབ་པར་ཤོག །ལྷོ་སྤྲིན་བཞིན་དུ་ཕྱུག་པར་ཤོག་།སྐར་ཚོགས་བཞིན་དུ་གྲངས་མང་ཤོག །ས་གཞི་བཞིན་དུ་རྒྱས་པར་ཤོག །རྩི་ཐོག་བཞིན་དུ་བཀྲ་བར་ཤོག །དགོས་འདོད་ཐམས་ཅད་འབྱུང་བར་ཤོག །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །ཅི་བསམ་ཐམས་ཅད་འགྲུབ་པར་ཤོག །ཅེས་པའི་ཁྱིམ་ལྷ་ཐབ་ལྷའི་གསོལ་མཆོད་འདི། རྒྱ་ནག་ཀོང་ཙེ་པད་འབྱུང་མཛད་པ་དང་། །མཚོ་སྨན་རྒྱལ་མོས་ཞུས་མདོ་ལ་སོགས་པའི། །དཔེ་རྙིང་དུ་མ་སྔོན་འགྲོ་བདག་མདུན་དང་། །སྐུ་མདོག་ཕྱག་མཚན་བཤགས་
ཐབས་མི་འདུག་པས། །ཕུག་ལུགས་མགུལ་རྒྱན་བཻཌཱུར་དཀར་པོ་ལས། །ཁྱིམ་ལྷ་ཐབ་ལྷའི་སྐུ་མདོག་ཕྱག་མཚན་དང་། །ཀོ་ལོང་གང་སྡོམ་བཤགས་པ་བྱེད་ཐབས་དང་། །མཆོད་བསྟོད་བཤགས་པ་ཤིས་པ་བརྗོད་པ་སོགས། །ཆོས་ལུགས་མཐའ་དག་ཕྱོགས་སུ་བསྒྲིགས་པ་འདི། །ཡེ་ཤེས་སྤྱན་ལྡན་རྣམས་ལ་འགལ་འཁྲུལ་བཤགས། །དགེ་བས་ཕུག་ལྷ་མི་དང་མི་བྲལ་ཞིང་། །དུས་ཀུན་ཁ་འཛིན་མེལ་ཚེ་མ་གཡེལ་ཅིག །དེ་སྐད་སྨྲས་པ་རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། །།