Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
ངོམ་གྱི་བསང་མཆོད་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངོམ་གྱི་བསང་མཆོད་བསྡུས་པ།next

ངོམ་གྱི་བསང་མཆོད་བསྡུས་པ།


CMR037_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ངོམ་གྱི་བསང་མཆོད་བསྡུས་པ་བཞུགས་སོ། །


CMR037_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ངོམ་རྒྱལ་མཚོ་བཀྲ་ཡོར་རྒྱལ་གོ་ཆོ་དང་། །སོ་རྒྱལ་དོན་གྲུབ་འཇམ་རྒྱལ་སྟག་རྩེ་དང་། །ཡར་རྒྱལ་ཏ་རེ་དབའ་རྒྱལ་སྐ་ཏི་དང། །གཏམ་རྒྱལ་མདོ་ཟོ་གཏམ་རྒྱལ་མདོ་ཆུང་དང་། །རྨོ་རྒྱལ་རབ་ཕྲོམ་བྲན་རྒྱལ་བྲག་དཀར་དང་། །སྤོ་རྒྱལ་སྟག་ཡག་གྲུས་རྒྱལ་བྱང་བྲག་དང་། །གཙོ་རྒྱལ་རེ་ཏི་མོ་ནོ་རྡོ་རྗེ་རྒྱལ། །རྒྱལ་པོ་ཐོད་རྒྱལ་རྒྱལ་ཕྲུག་ཀ་ན་དང་། །ཀླུ་རྒྱལ་སྤོ་ཏོ་ཟོ་རྒྱལ་གཉེན་པོ་སྟེ། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །རྒྱལ་མོ་རི་ཕྱུག་རྒྱལ་མོ་བུ་སྤང་མ། །རྒྱལ་


CMR037_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བུ་དགུ་རྒྱལ་མོ་མོ་ནོ་སྟེ། །ངོམ་གྱི་རྒྱལ་མོ་མཆེད་བཞི་འཁོར་བཅས་དང་། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །རྡོ་ཟེ་མཚོ་ནག་དབྱི་དོ་མཚོ་ནག་དང་། །གཡོ་རྫོང་མཚོ་ནག་མ་ལ་སོགས་པ་ཡི། །ངོམ་གྱི་མཚོ་ནག་མཆེད་གསུམ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །ཕྱའུ་ནོར་བདག་རྟ་འདྲ་འབྲོང་རྫོང་དང་། །སྐྱག་སྡ་རབ་ཕྲོམ་རིན་ཆེན་རྣམས་རྫོང་དང་། །རྫོང་བྲག་དཀར་འཛོང་སི་ཐི་སེངྒེ་སྤྱན། །དེ་སོགས་ངོམ་རྒྱུད་གནས་པའི་ལྷ་ཡི་སྡེ། །འདིར་གཤེགས་བསང་དང་མཆོད་


CMR037_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགྱེས་པར་མཛོད། །སྤྱི་འབྱམས་ཁྲ་ཕུ་སྡོང་ཆེན་བན་དེ་མ། །མཚལ་རྩེ་བཙག་རི་མོ་ནོ་ཁྲ་ཚང་མ། །འབྲིས་རི་རྨོ་བིལ་ཁམ་ཐུགས་གཟེད་བྲེ་དང་། །ཁབ་རྩོང་འོད་རྩེ་ཝ་དམར་རྡོ་རྫུ་དང་། །གཞེ་ཚ་ག་གཡས་དབྱིང་ཕུ་བྲག་དམར་དང་། །དཀྱིལ་རི་ནོར་རྫོང་གླང་དཀར་རྫོང་དམར་དང་། །ལུང་ཕུ་བྲག་དམར་མཐའ་དམར་བྲག་དམར་དང་། །ངོམ་རྒྱུད་གང་བུ་དགུ་འབྲེལ་ལ་སོགས་པའི། །ངོམ་རྒྱུད་གནས་པའི་བཙན་རིགས་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །གསེར་རྒོད་གཡུ་རྒོད་རྒྱལ་བ་ཐོད་དཀར་དང་། །དབས་རོ་ཞ་དཀར་སྤ་སྒོ་རྨིས་ཚོ་དང་། །ཐོད་མགོ་ཏེ་བྲོ་སྒེས་ཕྲོམ་སྤ་ཐག་དང་། །འདོམ་ཅུ་བར་སྒོ་ཁྲ་བོ་སྒོ་ང་སོགས། །ངོམ་རྒྱུད་གནས་པའི་གཉན་རིགས་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །སྒོ་སྲུང་རེ་དཀར་གཉན་ར་དཀར་པོ་མདའ་ལྟོང་དང་། །ཀླུ་སྒྲོན་སྟག་ཁྱམས་མཚོ་དང་གསེར་ཁའི་མཚོ། །རྡོ་མདའི་མཚོ་དང་དགེ་བསྙེན་ཡོར་མོ་མོ། །གཡུ་ཕྱུག་མདོ་སྣ་གླང་སྐོམ་ཆུ་མིག་ཀླུང་། །གླང་སྒེས་ཀླུ་དང་ཀླུ་རྒྱལ་བྱིས་སྦའི་གཟུགས། །ལུག་ར་ལ་གནས་


CMR037_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ན་རིན་ཆེན་དང་། །གཡོ་མདའི་གཡུ་མཚོ་ཆབ་མདོའི་རྫོང་ནག་སོགས། །ངོམ་རྒྱུད་ཆུ་དང་ཆུ་བོའི་མདོ་རྣམས་དང་། །ཆུ་མིག་ནེའུ་སིང་ཤིང་གཉན་ལ་གནས་པའི། །རིགས་བཞི་ཀླུ་ཡི་ཚོགས་རྣམས་འདུས་པ་ཀུན། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །ལས་མཁན་ཆེན་པོ་མགར་ནག་མཆེད་བཞི་དང་། །མཚལ་ཟེའི་འགག་དང་རག་ཤག་གཉན་པོ་སོགས། །ངོམ་རྒྱུད་ལ་གནས་ནག་པོ་བདུད་ཀྱི་ཚོགས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །སྡང་གི་སྡང་ལྷ་སྨུག་པོ་ལ་སོགས་པའི། །དགྲ་བླ་ཝེར་མ་སུམ་བརྒྱ་དྲུག་ཅུ་དང་། །ངོམ་གྱི་རྒྱལ་རིགས་བློན་རིགས་རྣམས་ཀྱི་བླ། །ཕ་མྱེས་བཀྲ་མཚུན་གཉེན་པོ་ཐམས་ཅད་ཀུན། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །གོ་རྒྱལ་ཡུམ་མཆོག་ཤེལ་བཟའ་གཡུ་རུ་སྨན། །ཝ་ཕུ་སྨན་བདུན་སྨན་གྱི་བུ་མོ་བདུན། །སྨན་མོ་སྤུན་བདུན་དགེ་བསྙེན་གསའ་ནེ་མ། །དེ་སོགས་ངོམ་ཡུལ་སྟོད་སྨད་བར་གསུམ་གྱི། །སྨན་ར་ཀུན་ལ་གནས་པའི་ལྷ་སྨན་དང་། །ཆུ་བོ་ཀུན་ལ་གནས་པའི་ཀླུ་སྨན་རྣམས། །འདིར་གཤེགས་བསང་


CMR037_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་པས་དགྱེས་པར་མཛོད། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་དང་། །ས་ག་རྒྱལ་པོ་རྒྱལ་པོ་ལ་ཐོད་ཅན། །དེ་སོགས་ངོམ་གྱི་དཀོར་བདག་དམ་ཚིག་ཅན། །རིག་འཛིན་རྣམས་ཀྱིས་དམ་ལ་བཏགས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །གཞན་ཡང་ངོམ་གྱི་ཡུལ་ཕྱོགས་འདི་ཉིད་ལ། །གཉུག་མར་གནས་པའི་ཡིད་ཀྱི་གཟུགས་འཆང་བ། །ལྷ་ཀླུ་བདུད་བཙན་གཉན་དང་ཐེའུ་རང་དང་། །མཚུན་དང་བྲག་སྲིན་སྨན་དང་གཟའ་དང་དམུ། །གནོད་སྦྱིན་དྲི་ཟ་སྨྱོ་བྱེད་བརྗེད་བྱེད་དང་། །ལུས་སྲུལ་པོ་དང་མོ་དང་མཁའ་འགྲོའི་རིགས། །གཞོན་ནུ་སྐེམ་བྱེད་བྱ་ཡི་རིགས་ལ་སོགས། །ཅེ་རེ་ལྟ་དང་ཀྲོ་གེ་ཉན་པ་རྣམས། །འདིར་བྱོན་བསང་དང་མཆོད་པས་ཚིམ་པར་མཛོད། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ཁྱེད་རྣམས་ལ། །ཕོག་ཐུག་ཉེས་པ་མ་ལུས་དག་གྱུར་ཅིག །ཀོ་ལོང་གང་བྱུང་ཐམས་ཅད་བཟོད་པར་གསོལ། །ཉམ་པ་གསོ་ཞིང་འཁོན་འགྲས་ཡོད་ན་བསྡུམས། །ཁྱེད་རྣམས་བདེ་སྐྱིད་ལོངས་སྤྱོད་ལྡན་གྱུར་ཅིག །དེང་ནས་དཀོན་མཆོག་གསུམ་ལ་སྐྱབས་གསོལ་ལ། །སེམས་ཅན་གཞན་ལ་གནོད་སེམས་


CMR037_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་མཛོད། །དེ་ལྟར་ཆོས་དང་ཟང་ཟིང་སྟོན་མོ་འདིས། །ཁྱེད་ཅག་འཁོར་བཅས་དགའ་མགུ་ཡི་རང་ནས། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །རང་རང་ཅི་ལྟར་ནུས་པའི་ཁ་འཛིན་མཛོད། །ཡག་དང་སྤྱོད་ལ་ཉེས་པ་རྣམས་དང་བསྣོལ། །ཁྱེད་རྣམས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །ལོངས་སྤྱོད་མངའ་ཐང་འཕེལ་ཞིང་རྒྱས་པར་མཛོད། །ཕྱུགས་རྣམས་འཕེལ་ཞིང་གོད་ཁ་མེད་པར་མཛོད། །ཞིང་རྣམས་རྟག་ཏུ་ལོ་ལེགས་སད་སེར་མེད། །དགྲ་ཇག་ཆོམ་རྐུན་ནམ་ཡང་མེད་པར་མཛོད། །གཞི་ན་འདུག་ན་ཁ་འཛིན་རྒྱབ་རྟེན་དང་། །བྱེས་སུ་འགྲོ་ན་བསྐྱེལ་བསུ་རོགས་དན་མཛོད། །མདོར་ན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཕྱྭ་དང་གཡང་གི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་ངོམ་གྱི་བསང་མཆོད་བསྡུས་པ། ཨོ་རྒྱན་རིག་འཛིན་གྱི་འདོད་པ་ལྟར། ཨ་རཱ་གས་མྱུར་བར་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousངོམ་གྱི་བསང་མཆོད་བསྡུས་པ།next