Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གཏམ་རྒྱལ་མདོ་ཟོའི་གསོལ་མཆོད་བསང་གི་རིམ་པ་ཕན་བདེའི་ཆུ་གཏེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་རྒྱལ་མདོ་ཟོའི་གསོལ་མཆོད་བསང་གི་རིམ་པ་ཕན་བདེའི་ཆུ་གཏེར།next

གཏམ་རྒྱལ་མདོ་ཟོའི་གསོལ་མཆོད་བསང་གི་རིམ་པ་ཕན་བདེའི་ཆུ་གཏེར།


CMR037_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་རྒྱལ་མདོ་ཟོའི་གསོལ་མཆོད་བསང་གི་རིམ་པ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།། སིདྡྷི་སྭཱ་ཧཱ།


CMR037_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་སཾ་བྷ་ཡེ། །པད་འབྱུང་སྤྲུལ་པའི་སྐུ་ལ་འདུད། །ཡུལ་ལྷའི་མཆོད་ཆོག་བྲི་བར་བྱ། །གྲ་ཕྱིང་སྟེང་དུ་འདབ་བརྒྱད་བྲི། །བཤོས་བུ་རྩེ་རྒྱལ་ཕྱེ་མར་དང་། །གཡག་ལུག་མདའ་དར་ཕུད་རྣམས་བཤམས། །རང་ཉིད་པད་འབྱུང་ང་རྒྱལ་གྱིས། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུན་བརྗོད་པས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། མདུན་དུ་སྤང་ལྗོངས་དང་ནེའུ་སིང་དང་བྲག་རིས་བསྐོར་བའི་དབུས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་གྱི་དབུས་སུ་གཏམ་རྒྱལ་སྐུ་མདོག་དཀར་ལ་ཅུང་ཟད་སྨུག་པའི་མདངས་ཅན། སྐུ་ལ་དར་དཀར་གྱི་རལ་གུ་གསོལ་ཞིང་གཡས་བ་དན་དཀར་པོ་དང་། གཡོན་རིན་པོ་ཆེ་


CMR037_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། སྟག་རལ་དང་གཟིག་ཤུབས་བཏགས་ནས་ཅང་ཤེས་དཀར་པོ་རླུང་གི་ཤུགས་ཅན་ལ་ཆིབས་པའོ། །དེའི་འཁོར་དུ་ལྷ་ཀླུ་བདུད་བཙན་རྨ་དང་སྨན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྤྱན་དྲངས། ཧཱུྃ། རི་དབང་གཏམ་རྒྱལ་མདོ་ཟོ་ནི། །རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྒྱལ་ཕྲན་འཁོར་གྱིས་བསྐོར་བ་འདྲ། །རིན་ཆེན་བྲག་གི་ཟུར་ཕུད་ཅན། །སྤྲིན་དཀར་ལྡིང་བའི་ཅོད་པན་ཅན། །བསྐལ་པའི་འབྲུག་སྒྲ་ལྡི་རི་རི། །དྲག་པོའི་གློག་དམར་ཚུབས་སེ་ཚུབ། །གསེར་སྤང་སེར་པོ་ལམས་སེ་ལམ། །གཡུ་ཡི་ནེའུ་སིང་ཀྱི་


CMR037_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ལི། །ཤེལ་གྱི་ཆུ་མིག་ཤ་ར་ར། །ན་བུན་ཀྱི་བུན་ཐུ་ལུ་ལུ། །ལྗོན་ཤིང་ནགས་ཚལ་ཐིབས་སེ་ཐིབ། །རི་དྭགས་རྩེ་ཀྱ་སྤྲིངས་སེ་སྤུང་། །གཅན་གཟན་ངར་སྐད་འུ་རུ་རུ། །བྱ་རིགས་གཤོག་ལྡང་ཁྲིགས་སེ་ཁྲིག །དེ་འདྲ་འཕྲུལ་གྱི་ཕོ་བྲང་ནས། །གཏམ་རྒྱལ་མདོ་ཟོ་གཤེགས་སུ་གསོལ། །ཁྱེད་ཀྱི་བཀའ་ཉན་ཕོ་ཉའི་ཚོགས། །ཐམས་ཅད་མ་ལུས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ རིན་ཐང་མེད་པ་ནོར་བུའི་འཕྲ་བཀོད་ཅིང་། །འོད་འབར་རིན་ཆེན་བརྩེགས་པའི་མི་དམན་ཁྲི། །ཡ་མཚན་རི་མོ་བཀྲ་བའི་དར་འབོལ་སྟེང་། །གཏམ་རྒྱལ་འཁོར་བཅས་དགྱེས་ཤིང་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྡན། རྒྱལ་བ་གཉིས་པ་རྡོ་རྗེ་གྲོ་ལོད་དང་། །རྒྱལ་སྲས་རང་བྱུང་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་མི་བསྙེལ་བར། །རྒྱལ་བསྟན་སྲུང་ཞིང་བདག་གི་གྲོགས་མཛོད་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་ལས་རིན་ཆེན་སྣོད་དུ་ཧཱུྃ་ཡིག་ལས། །རིན་ཆེན་འབྲུ་སྨན་རྩི་བཅུད་དཀར་དམར་ཕུད། །གཡག་ལུག་ར་གསུམ་གོ་མཚོན་ཇ་ཆང་ཕུད། །ཞིབ་མར་སྤོས་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་སྤ་ར་


CMR037_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་ཁཾ། ཨོཾ། འོ་ཞོའི་མཆོད་ཡོན་ཡན་ལག་བརྒྱད་ལྡན་ཆབ། །བཟང་ཤིང་མེ་ཏོག་རྒྱས་པའི་དུད་སྤྲིན་འཁྲིགས། །མུན་སེལ་བསང་བའི་རྒྱ་ཇའི་དྲི་ལྡན་ཆབ། །རོ་བརྒྱ་ལྡན་པའི་ཞིབ་མར་སྙན་པའི་དབྱངས། །རབ་མཛེས་གཡག་ལུག་ར་དང་རི་དྭགས་གཟུགས། །དབང་པོའི་གཞུ་འདྲ་དར་ཟབ་བལ་ཚོན་གཏིབས། །རིན་ཐང་ཆེ་བའི་རིན་ཆེན་སྣ་ཚོགས་དབྱིག །མི་དབང་བསོད་ནམས་ལས་གྲུབ་རིན་ཆེན་བདུན། །ལྷ་དབང་དཔལ་ལས་བྱུང་བའི་བཀྲ་ཤིས་བརྒྱད། །རྒྱལ་བས་བྱིན་རླབས་རྫ་ས་མཆོག་ཤེས་བྱེད་བརྒྱད། །རྟ་ལུག་གནག་གིས་ཁྱུར་གྱུར་ཤེལ་ཚིགས་དང། །ཕས་རྒོལ་རླག་བྱེད་ངར་ལྡན་མཚོན་པའི་ཚོགས། །གདུག་པའི་བསམ་སྦྱོར་ཟློག་བྱེད་གོ་ཆ་དང་། །ནད་སེལ་སྨན་མཆོག་སྣ་ཚོགས་ཁྱེད་ལ་འབུལ། །ཁྱེད་ཅག་འཁོར་དང་རབ་དགྱེས་མགུ་ཞིང་ཚིམ། །རྨུགས་འཐིབས་ཉམས་དང་རྒུད་པ་དག་གྱུར་ནས། །ནུས་སྟོབས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག ། ཨརྒྷཾ༴ ཤལྟ་པྲ་ཏཱིཙྪ་སྭཱ་ཧཱ། འདིར་སྤྲོ་ན་གཡག་ལུག་རྒྱས་པར་འབུལ། བསང་དུད་བཏང་ལ། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་སྟོང་


CMR037_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱིངས་ལས་བྱུང་། །སྟོང་པའི་ངང་ལས་འབྱུང་བ་སྲིད། །འབྱུང་བའི་དྭངས་མ་ཤིང་དུ་སྲིད། །ཙནྡན་ཤུག་པ་གཡུ་ཡི་ཤིང་། །དུང་གི་སུར་དཀར་ལྷ་ཡི་ཤིང་། །བཀྲ་ཤིས་འོམ་འབུ་ཀླུ་ཡི་ཤིང་། །སྟག་པ་གསེར་ལོ་གཉན་གྱི་ཤིང་། །ཉ་བྲིད་བདུད་རྩི་སྨན་གྱི་ཤིང་། །སྤེན་མ་དངོས་གྲུབ་གཡུང་དྲུང་ཤིང་། །དྲི་ལྡན་ས་ཀར་སྤོས་ཀྱི་ཤིང་། །མཁན་དཀར་ཡ་མཚན་འཕྲུལ་གྱི་ཤིང་། །ཐང་ལོ་ཀླུ་གཉན་དགྱེས་པའི་ཤིང་། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་ཇ་ཆང་ཕུད་རྒོད་ཀྱི། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་བསང། །བཙུན་མོ་བློན་པོ་འབངས་དང་གཡོག །འཁོར་དང་ཡང་འཁོར་ཐམས་ཅད་བསང་། །བསངས་བས་ལྷ་སྲུང་དགྱེས་གྱུར་ཅིག །རྨུགས་དང་འཐིབས་པ་སངས་གྱུར་ཅིག །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་རྒྱས་གྱུར་ཅིག །གཏོར་མ་ལ་ཆབ་ཀྱིས་བྲན་ལ། ཨོཾ་བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཧཱུྃ་ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །གཏོར་མ་འདོད་པའི་ཡོན་ཏན་ཕུན་ཚོགས་ཤིང་། །སྦྲང་རྩིའི་རོ་ལྡན་ཤེལ་གྱི་


CMR037_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་འཆང་བ། །ཟག་མེད་བདེ་སྐྱིད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱཿདེ་ཝ་ཙཀྲ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏམ་རྒྱལ་འཁོར་བཅས་གཏོར་མ་འདི་བཞེས་ལ། །ཡུལ་ཕྱོགས་འདི་རུ་དུས་རྣམས་ཐམས་ཅད་དུ། །འཁྲུག་རྩོད་དམག་ཇག་རྐུན་པོའི་འཚེ་བ་དང་། །ཡམས་ནད་མུ་གེ་བཙའ་སད་ཞི་བར་མཛོད། །ཚེ་དང་བསོད་ནམས་དབང་ཐང་སྙན་གྲགས་དང་། །ལོངས་སྤྱོད་འབྲུ་ནོར་བཀྲ་ཤིས་རྒྱས་པར་མཛོད། །ཕ་རོལ་དགྲ་དང་རྒྱལ་བློན་ཡུལ་ཁམས་དང་། །མཆོག་དམན་སྐྱེ་འགྲོ་དབང་དུ་འདུ་བར་མཛོད། །སྡང་ཞིང་གནོད་སེམས་འཆང་བའི་དགྲ་དང་བགེགས། །གཟིར་བཅིང་བསྐད་དང་བསད་པའི་ཕྲིན་ལས་མཛོད། །སྔར་བྱས་གཏང་རག་ཕྱིས་བྱེད་ཞུ་སྐྱེམས་དང་། །ད་ལྟའི་གཉེར་བྱས་གཉན་པོ་འདི་བཞེས་ལ། །བསམ་དོན་མཐའ་དག་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་བསྟོད་པ་ནི། ཧཱུྃ། སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །ཆིབས་སུ་འཕྲུལ་གྱི་ཅང་ཤེས་ཆིབས། །ཕྱག་ན་བ་དན་དཀར་པོ་བསྣམས། །གཡོན་ན་ཡིད་བཞིན་ནོར་བུ་འཛིན། །སྐུ་ལ་


CMR037_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཀར་ན་བཟའ་གསོལ། །དབུ་ལ་དུང་ཞུ་འབར་བ་མནབས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །འཁོར་དང་ཡང་འཁོར་ཕོ་ཉར་བཅས། །རྟ་ནི་དཀར་དམར་སྔོ་ནག་ཆིབས། །དར་སྟན་སྒ་སྲབ་གོང་སྨད་ལ། །རིན་ཆེན་གསེར་དངུལ་འཕྲ་ཡིས་མཛེས། །སྐུ་ལ་གསེར་དངུལ་བསེ་ལྕགས་ཁྲབ། །གཡུ་དུང་ཟངས་ཁྲབ་འབར་བ་ལ། །སྟག་གཟིག་དོམ་དྲེད་ཤམ་བུ་ཅན། །དབུ་ཡི་རྨོག་མོ་དཀར་པོ་ལ། །རིན་པོ་ཆེ་ཡི་གཙུག་ཕུད་ཅན། །གཡས་ཀྱི་སྟག་རལ་ཁྲ་བོ་ལ། །ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །སྤྲུལ་པའི་ལྷ་གཞུ་གློག་ལྟར་འཁྱུགས། །སྐེད་ཀྱི་གཟིག་ཤུབས་ཟངས་བཀྲ་ནང་། །ཤང་ལང་རལ་གྲི་མེ་ལྟར་འབར། །སྐུ་ཡི་གོ་ཁྲབ་སྣ་ཚོགས་ལ། །སྤྲུལ་པའི་ཚྭ་ཚྭ་མེ་སྟག་འཕྲོ། །དབུ་ཡི་རྒོད་འཕྲུ་ལྡེམ་པ་ལ། །སྣ་ཚོགས་བ་དན་མེ་ལྟར་འཚུབ། །རེ་རེའི་འཁོར་ལ་གཉན་ཕྲན་སྟོང་། །ཀུན་ཀྱང་མཐུ་ཆེན་རྩལ་དྲག་ཅན། །དྲག་པོའི་བྷྱོ་སྒྲ་དི་རི་རི། །རྣལ་འབྱོར་དམ་ཚིག་ཅན་གྱི་གཉེན། །སྐྱེ་བོ་དགྲ་བླ་ཅན་གྱི་གཉེན། །དབུལ་གྱི་དཀོར་ནོར་སྤེལ་བའི་གཉེན། །རྨོངས་པའི་རྩ་


CMR037_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བཀྲོལ་བའི་གཉེན། །འཐབ་མོ་གཡུལ་ལས་རྒྱལ་བའི་གཉེན། །སངས་རྒྱས་ཆོས་ལ་ཕྱོགས་པའི་གཉེན། །ཆ་ལ་དགའ་ཞིང་དར་ལ་འདུ། །ཀུ་ལ་དགའ་ཞིང་བློ་ལ་དགྱེས། །གཏམ་རྒྱལ་མདོ་ཟོ་འཁོར་བཅས་ལ། །རབ་ཏུ་གུས་པས་བདག་གིས་བསྟོད། །ཅེས་བསྟོད། གསོལ་ཁ་ནི་གཏོར་མ་བཏེག་ལ། ཀྱཻ། དགྲ་བོ་འདུལ་བའི་ལྷ། རང་ཕྱོགས་རྒྱལ་བའི་ལྷ།གཞན་ཕྱོགས་ཕམ་པའི་ལྷ། དགྲ་བླ་གཏམ་རྒྱུལ་ལ། གསོལ་ལོ་མཆོད་དོ། །དགྲ་བོ་ཐུལ་ཅིག །རང་ཕྱོགས་སྲུངས་ཤིག །དམག་ཇག་རྐུན་པོ་ཟློག་ཅིག །ཀྱཻ། དཀོར་ནོར་སྤེལ་བའི་ལྷ། དཔའ་འབྱོར་རྒྱས་པའི་ལྷ། ནོར་ལྷ་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །ནོར་ཕྱུགས་སྤེལ་ཅིག །རྟ་དྲེལ་སྤེལ་ཅིག །བསོད་ནམས་མངའ་ཐང་སྤེལ་ཅིག །ཀྱཻ། ཆར་ཆུ་འབེབས་པའི་ལྷ། ལོ་ཕྱུགས་སྤེལ་བའི་ལྷ། ཞིང་ལྷ་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །ཆར་ཆུ་དུས་སུ་ཕོབ་ཅིག །ལོ་ཏོག་སྤེལ་ཅིག །བཙའ་སད་སེར་གསུམ་ཟློག་ཅིག །ཀྱཻ། གདོན་བགེགས་འདུལ་བའི་ལྷ། ཡམས་ནད་གཅོད་པའི་ལྷ། རིམས་ནད་བཟློག་པའི་


CMR037_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། ཡུལ་ལྷ་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །བགེགས་དཔུང་ཆོད་ཅིག །གདོན་དཔུང་ཕུད་ཅིག །རིམས་ཡམས་ཟློག་ཅིག །ཀྱཻ། ཆོས་ལ་ཕྱོགས་པའི་ལྷ། །བསྟན་པ་སྲུང་བའི་ལྷ། ཆོས་སྐྱོང་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །བསྟན་པ་སྲུངས་ཤིག །བསྟན་དགྲ་སྒྲོལ་ཞིག །ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར་ཅིག །བདག་གི་བསམ་པ་ཡིད་བཞིན་དུ་སྒྲུབས་ཤིག །ཅེས་གཏོར་མའི་ཕུད་བསང་ནང་དུ་ཕུལ་ལོ། །ཞེས་པ་འདི་ནི་ཨ་རཱ་གས་མཛད་པ་རེད་ཟེར་བའི་ཞལ་རྒྱུན་ལའང་འདུག་གོ། ༈ གཏམ་རྒྱལ་བསང་ནི། ཧཱུྃ། ཕ་མྱེས་རྒྱུད་ཀྱི་སྲུང་མ་མཆོད། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །མི་དཀར་གཟི་བརྗིད་འོད་དུ་འབར། །དབུ་ལ་ལ་ཐོད་དཀར་པོ་བཅིང་། །།ལྗང་སྔོན་དེར་བེར་སྐུ་ལ་གསོལ། །ཕྱག་གཡས་རྡོ་རྗེ་སྦ་ལྕག་ཕྱར། །གཡོན་པས་ཕྱག་གི་དྲིལ་བུ་དཀྲོལ། །ཆིབས་སུ་རྟ་ནག་རྔམ་པ་ཆིབས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།


previousགཏམ་རྒྱལ་མདོ་ཟོའི་གསོལ་མཆོད་བསང་གི་རིམ་པ་ཕན་བདེའི་ཆུ་གཏེར།next