Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉན་ཆེན་བྱང་ཆུབ་གྲགས་ཀྱི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉན་ཆེན་བྱང་ཆུབ་གྲགས་ཀྱི་བསང་མཆོད།next

གཉན་ཆེན་བྱང་ཆུབ་གྲགས་ཀྱི་བསང་མཆོད།


CMR037_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཆེན་བྱང་ཆུབ་གྲགས་ཀྱི་བསང་མཆོད་བཞུགས་སོ། །དེ་ནས་མཆོད་པ་གཅིག་བྱས་ལ་འདི་སྐད་དོ།། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་མཆོག །ཁ་བ་ཅན་གྱི་ལྗོངས་ཡུལ་མཐིལ། །མདོ་ཁམས་གླིང་ཁྲི་བར་མ་ཡི། །ངོམ་དུ་རུང་བའི་ཡུལ་གྱི་སྨད། །ཟླ་ངོམ་འདུས་པའི་སོ་མཚམས་ན། །གཉན་ཆེན་བྱང་ཆུབ་གྲགས་པ་ནི། །རིན་ཆེན་རི་བོ་རྔམ་འཇིགས་པོ། །གནམ་ལྕགས་འབར་བའི་རལ་གྲི་འདྲ། །བསམ་ཆོད་འབར་བའི་ཆུ་གྲི་འདྲ། །རིན་ཆེན་འབར་བའི་སྤུ་གྲི་འདྲ། །དམར་སྨུག་དར་གྱི་ཡོལ་བ་འདྲ། །ཟབ་ཆེན་སྨུག་པོ་བརྐྱང་པ་འདྲ། །འབྲུག་ཆེན་དགུང་དུ་མཆོང་བ་འདྲ། །མཆོང་གི་རྫ་སྨུག་ན་བུན་འཐིབས། །གསེར་སྤང་རི་དྭགས་སྣ་ཚོགས་རྩེ། །གཡུ་ཡི་ནེའུ་སིང་མེ་ཏོག་བཀྲམ། །སྤྲིན་ནག་འཇིགས་པའི་འབྲུག་སྒྲ་ལྡིར། །གློག་འོད་འཁྱུགས་ཤིང་ཐོག་མདའ་འཕེན། །སྦྲང་ཆར་ཟམ་ཟིམ་ཁུ་འཕང་འདྲིལ། །དེ་འདྲ་གནས་ཀྱི་མངའ་བདག་ནི། །བྱང་ཆུབ་གྲགས་པ་ཞེས་སུ་གྲགས། །དགེ་བསྙེན་ཆེན་པོ་དམ་


CMR037_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཅན། །འཁོར་དང་བཅས་པ་མ་ལུས་ཀུན། །དིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །འདོད་ཡོན་མཆོད་པ་སྣ་ཚོགས་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །མཆོད་ན་མགོན་སྐྱོབ་བྱེད་པའི་ལྷ། །ལྷ་ཆེན་བྱང་གྲགས་འཁོར་བཅས་བསང་། །རིགས་ནི་སྔོན་པོ་ཀླུ་ཡི་རིགས། །ཀླུ་ཆེན་བྱང་གྲགས་འཁོར་བཅས་བསང་། །གཉན་རིགས་རྣམས་ཀྱི་སྡེ་དཔོན་མཛད། །གཉན་ཆེན་བྱང་གྲགས་འཁོར་བཅས་བསང་། །སྐྱབས་གསུམ་འཛིན་པའི་དམ་ཚིག་ཅན། །དགེ་བསྙེན་བྱང་གྲགས་འཁོར་བཅས་བསང་། །སྲུང་ནི་སངས་རྒྱས་བསྟན་པ་སྲུངས། །བསྟན་སྲུང་བྱང་གྲགས་འཁོར་བཅས་བསང་། །སློབ་དཔོན་པདྨའི་བཀའ་ཉན་པ། །བཀའ་སྲུང་བྱང་གྲགས་འཁོར་བཅས་བསང་། །ཁྱད་པར་ཡུལ་འདིའི་མགོན་སྐྱབས་མཛད། །ཡུལ་ལྷ་བྱང་གྲགས་འཁོར་བཅས་བསང་། །བཙའ་སད་སེར་གསུམ་ཟློག་པར་མཛོད། །ཞིང་ལྷ་བྱང་གྲགས་འཁོར་བཅས་བསང་། །རྟ་དྲེལ་ནོར་ཕྱུགས་འཕེལ་བར་མཛད། །ནོར་ལྷོ་བྱང་གྲགས་འཁོར་བཅས་བསང་། །མངག་ན་དགྲ་ལ་རྒྱུག་འདུར་


CMR037_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཁས། །དགྲ་བླ་བྱང་གྲོགས་འཁོར་བཅས་བསང་། །དགེ་བསྙེན་ཆེན་པོའི་བཀའ་ཉན་པ། །སྤོ་རྒྱལ་སྟག་ཡག་རུ་གུང་སོགས། །དཀར་པོ་ལྷ་ཡི་སྡེ་ཚོགས་བསང། །མོ་ནོ་མཆེད་གསུམ་ལ་སོགས་པའི། །དགེ་བསྙེན་དམ་ཚིག་ཅན་རྣམས་བསང་། །རྩིང་ངེ་གསའ་ཡེར་རྡོ་རྫུ་སོགས། །ཡུལ་ལྷ་གཉན་པོ་ཐམས་ཅད་བསང་། །སྨན་གདོང་གཡོ་ལྕམ་རོ་རིང་སོགས། །ཁྲ་བོ་གཉན་གྱི་སྡེ་ཚོགས་བསང་། །གཡའ་ཁྱམ་རྣ་ལྗོན་ལ་སོགས་པའི། །ཀླུ་རིགས་གཉན་རིགས་ཐམས་ཅད་བསང་། །སྨན་མོ་སྤུན་བདུན་མོ་འོག་སོགས། །སྨན་རིགས་སྨན་ཟེར་ཐམས་ཅད་བསང་། །བཙན་རྒོད་ཞལ་བཟང་ལ་སོགས་པའི། །ཡུལ་ཕྱོགས་འདིར་གནས་བཙན་རྣམས་བསང་། །ཁྱེད་རྣམས་བསང་བའི་ཡོན་ཏན་གྱིས། །སངས་རྒྱས་བསྟན་པ་དར་བ་དང་། །དཀོན་མཆོག་དབུ་འཕང་མཐོ་བ་དང་། །ནད་རིམས་འཁྲུག་རྩོད་ཞི་བ་དང་། །མི་ནད་ཕྱུགས་ནད་མེད་པ་དང། །བཀྲ་ཤིས་བདེ་ལེགས་རྒྱས་པར་ཤོག །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །ཨ་རཱ་གས་སོ།།


previousགཉན་ཆེན་བྱང་ཆུབ་གྲགས་ཀྱི་བསང་མཆོད།next