Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་ཁྱིམ་དགེ་བསྙེན་གྱི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་ཁྱིམ་དགེ་བསྙེན་གྱི་བསང་མཆོད།next

སྐུ་ཁྱིམ་དགེ་བསྙེན་གྱི་བསང་མཆོད།


CMR037_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཁྱིམ་དགེ་བསྙེན་གྱི་བསང་མཆོད་བཞུགས་སོ། །ན་མོ་པདྨ་བཛྲ་ཡེ། པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །སྐུ་ཁྱིམ་བསང་མཆོད་བྱེད་འདོད་ན། །གཞི་སྟེང་ནས་ཀྱི་ཚོམ་བུའི་སྟེང་། །ཕྱེ་མར་བདུད་བཤོས་དཀར་གཏོར་དང་། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །འབྲུ་སྣ་སྨན་སྣ་དར་ཟབ་དང་། །ཇ་ཆང་ཤ་དང་དཀར་གསུམ་མངར་གསུམ་སོགས། །གང་འབྱོར་མཆོད་པ་རྒྱས་པར་བཤམས། །རང་ཉིད་པད་འབྱུང་ང་རྒྱལ་གྱིས། །དབྱངས་དང་རོལ་མོ་བཅས་པས་འདི་སྐད་དོ།། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ནི། །ཡུལ་གྱི་མིང་ནི་དབྱི་ལྕིའི་སྒང་། །གནས་ཀྱི་མིང་ནི་སྐུ་ཁྱིམ་གནས། །བྲག་ནག་རིན་ཆེན་སྤུང་པ་འདྲ། །རི་བོ་རྡོ་རྗེ་གནམ་བསླང་འདྲ། །གཡའ་མ་འབྲོང་རུ་གཤིབ་པ་འདྲ། །མཚོ་མོ་ཁྱུང་གཤོག་ལྡིང་བ་འདྲ། །བྲག་དམར་རྟ་སོ་གཤིབ་པ་འདྲ། །ནམ་མཁར་ཉི་ཟླ་གཟའ་སྐར་བཀྲ། །བར་སྣང་ཐོག་གློག་ཚྭ་ཚྭ་འཕྲོ། །གཡུ་འབྲུག་ངར་སྐད་དྷི་རི་རི། །ཁུ་འཕང་སེར་བ་ཐ་ར་ར། །བདུད་རྩི་སྦྲང་ཆར་སི་ལི་ལི། །ན་བུན་སྨུག་པ་ཐིབས་སེ་ཐིབ། །རྩི་སྨན་མེ་ཏོག་བཀྲག་ལ་གསལ། །རྩེ་ལ་བྱ་རྒྱལ་ཏ་ལ་ལ། །རྩ་བར་རི་དྭགས་ཁྲོ་ལོ་ལོ། །སྐེད་པར་གཅན་གཟན་


CMR037_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་རུ་རུ། །གནས་མཆོག་དེ་ཡི་མངའ་བདག་ནི། །སྐུ་ཁྱིམ་དགེ་བསྙེན་དྲག་རྩལ་ཅན། །གདུང་བའི་དབྱངས་ཀྱིས་འབོད་ལགས་ན། །རྫུ་འཕྲུལ་སྐད་ཅིག་ཡུད་ཙམ་གྱིས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཡས་ཀྱི་ནག་པོ་བཀྲག་མེད་དང་། །གཡོན་གྱི་ཕོ་རོག་གཡའ་སླག་དང་། །རྗེས་ཀྱི་སྨུག་པོ་རི་ཚོན་དང་། །ལྕམ་མོ་མེ་ལོང་འོ་ཐུལ་དང་། །འཁོར་དང་བློན་པོ་སྤྲུལ་པའི་ཚོགས། །བདུད་དམག་བྱེ་བ་འབུམ་དང་བཅས། །སྐད་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་རང་བཤམས་པའི་གདན་ལ་བློབཞུགས། །སྔོན་ཚེ་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །བཛྲ་ས་མ་ཡ་ཛཛཿ ཛཿཧཱུྃ་བོ་ཧོཿ ས་མ་ཡ་སྟྭཾ༔ ས་མ་ཡ་ཧོཿ ཀྱཻ། སྐུ་ཁྱིམ་དགེ་བསྙེན་དྲག་རྩལ་ཅན། །འཁོར་དང་བཅས་པ་ཐམས་ཅད་ལ། །མཆོད་པ་དམ་པ་འབུལ་བ་ནི། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །འབྲུ་སྣ་སྨན་སྣ་ཟས་སྣའི་ཕུད། །ཕྱེ་མར་དཀར་གཏོར་བདུད་བཤོས་དང་། །གཡག་ལུག་ར་ཡི་གཟུགས་འགྲོས་དང་། །འོ་ཞོ་ཇ་ཆང་ཤ་གཙང་ཕུད། །དར་ཟབ་


CMR037_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཤིང་དུད་སྤྲིན་སོགས། །དངོས་འབྱོར་ཡིད་སྤྲུལ་བསང་མཆོད་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་པར་མཛོད། ། ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་ནས་མཆོད་པ་རྣམས་བསང་ཁང་ནང་ཕུལ་ལ་འདི་སྐད་དོ།། ཀྱཻ། སྐུ་ཁྱིམ་དགེ་བསྙེན་དྲག་པོ་ཅན། །སྐུ་མདོག་སྨུག་ནག་འབར་བ་ལ། །དབུ་ལ་དར་ནག་ལ་ཐོད་བཅིངས། །སྐུ་ལ་དར་ནག་བེར་ཆེན་གསོལ། །མཚལ་གྱི་ཐིག་ཕྲན་ཆོ་ལོ་རིས། །ཕྱག་གཡས་གནམ་ལྕགས་ཐོག་མདའ་འཕེན། །དམ་ཉམས་དགྲ་བོ་སྤྱི་ནས་འཇོམས། །ཕྱག་གཡོན་དར་ནག་བདུད་དམག་སྡུས། །དགྲ་བོའི་ཡུལ་དུ་བདུད་དམག་དྲོངས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རལ་གྲི་གློག་དམར་ཁྱུགས་སེ་ཁྱུག །ཁྲ་ནག་གདོང་སེ་ཆིབས་སུ་ཆིབས། །དར་ནག་སྟན་སྟང་ལྷབས་སེ་ལྷབ། །བསེ་སྒྲ་སྨུག་པོ་ཝངས་སེ་ཝང་། །བསེ་ཡི་ཡོབ་ལྡན་ལྷབས་སེ་ལྷབ། །མཆོང་གི་ཡོབ་ཆེན་ཁྲ་ལ་ལ། །སྦྲུལ་ནག་གོང་སྨད་ཁྱུགས་སེ་ཁྱུག །བསེ་ལྷམ་ལྕགས་མཐིལ་ཤད་དེ་ཤད། །སྔ་ཤ་བདུད་ཀྱི་ཞགས་པ་ལྡོག །ཕྱི་ཤ་མི་མགོ་ཕྲུ་ལུ་ལུ། །ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་། །གཡས་ན་


CMR037_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བྱ་ཕོ་རོག་འགྱེད། །གཡོན་ན་གཡའ་གླག་གཤོག་པ་བཀྲ། །ལྕགས་སྤྱང་སྔོན་མོ་རྗེས་ན་འདུར། །དུར་སྲི་ཝ་མོ་སྡུན་ན་རྒྱུག །བདུད་དམག་འབུམ་དང་བཅས་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །མི་ནོར་ནད་ཡམས་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །སྡང་བའི་དགྲ་བོ་རྡུལ་དུ་རློགས། །ཕྲིན་ལས་གང་བཅོལ་མྱུར་དུ་སྒྲུབས། །གཡས་ཀྱི་བཀའ་ཉན་མདའ་ར་བ། །བྲ་སྨུག་དེ་ནི་བསེ་ཚོས་ཅན། །གློག་ཞགས་དགྲ་ལ་འཕེན་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །དགྲ་རྐུན་ཇག་གསུམ་གནོད་པ་ཟློག །གཡོན་གྱི་བཀའ་ཉན་མདུང་ར་བ། །བྲ་ནག་དེ་ནི་སྟག་ཆས་ཅན། །ཐོག་མདའ་དགྲ་ལ་འཕེན་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །གོད་ཁ་ལྕེ་སྤྱང་གནོད་པ་ཟློག །སྔོན་གྱི་བཀའ་ཉན་ལས་མཁན་ནི། །བཙན་བུ་དེ་ནི་སྨན་བཀྲ་ཅན། །ལྕགས་ཀྱུས་དགྲ་སྙིང་འདྲེན་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །སྡང་བྱེད་དགྲ་བོ་རྡུལ་དུ་རློགས། །རྗེས་ཀྱི་དམག་ཚོགས་གཏིང་གནོན་པ། །ཁྲ་བོ་དེ་ནི་དར་ཆས་ཅན། །གནམ་ལྕགས་ཁྲབ་རྨོག་གྱོན་པ་ལ། །བསང་


CMR037_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྔན་གྱི་མཆོད་པ་འབུལ། །དགྲ་སོད་བགེགས་ཐུལ་ཕྲིན་ལས་སྒྲུབས། །ལྕམ་མོ་དེ་ནི་རྫུ་འཕྲུལ་ཅན། །མེ་ལོང་འོད་ཐུལ་ཞེས་བྱ་མ། །ནོར་གཡང་དངོས་གྲུབ་སྟེར་བ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། །ཀྱཻ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་ཉན་བསྟན་སྲུང་མཐུ་རྩལ་ཅན། །སྐུ་ཁྱིམ་དགེ་བསྙེན་འཁོར་བཅས་བསང་། །རྫུན་གྱི་དུར་སྲི་ཝ་མོ་བསང་། །གཡས་ཀྱི་ནག་པོ་བཀྲག་མེད་བསང། །གཡོན་གྱི་ཕོ་རོག་གཡའ་བླག་བསང་། །རྗེས་ཀྱི་སྨུག་པོ་རི་ཚོན་བསང་། །སྡུན་ན་རྒྱུག་པའི་ལས་མཁན་བསང་། །ལྕམ་མོ་མེ་ལོང་འོད་ཐུལ་བསང་། །བླ་མཚོ་ཆུ་མིག་ནག་རིང་ལ། །གནས་པའི་ཀླུ་ཡི་སྡེ་ཚོགས་བསང་། །གཞན་ཡང་འཁོར་དང་སྤྲུལ་པའི་ཚོགས། །བློན་པོ་རྟ་ཟམ་དགེ་བསྙེན་བསང་། །ཀླུ་རྒྱལ་གཙུག་ཆེན་སྦལ་མགོ་བསང། །གཙུག་ཆུང་སྦྲུལ་མགོ་འཁོར་བཅས་བསང་། །རི་ཉིད་རྒྱལ་བ་མཆེད་གསུམ་བསང་། །རྒྱལ་མོ་རི་ཕྱུག་འཁོར་བཅས་བསང་། །རྐང་ཆུང་ཁྲ་ཝང་ཨ་བྷི་བསང་། །


CMR037_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཉན་ས་བདག་སྟོང་སྡེ་བསང་། །ཡུལ་ལྷ་གཞི་བདག་འཁོར་བཅས་བསང་། །དཀར་ཕྱོགས་སྐྱོང་བ་ཐམས་ཅད་བསང་། །སྤྲུལ་པ་འབུམ་སྡེར་འཁོར་བཅས་བསང་། །ཡུལ་འདིར་གནས་པའི་གཞི་བདག་བསང་། །གནས་འདིར་ས་ཡི་ས་བདག་བསང་། །བཟང་ཤིང་བསྲེགས་པའི་དུད་པས་བསང་། །ཤ་གཙང་ཇ་ཆང་ཕུད་ཀྱིས་བསང་། །འོ་ཞོ་ཕྱེ་མར་གསུར་གྱིས་བསང་། །གཡག་ལུག་ར་གསུམ་གཟུགས་ཀྱིས་བསང་། །འབྲུ་སྣ་སྨན་སྣ་བསྲེགས་པས་བསང་། །གདུང་དབྱངས་རོལ་མོའི་སྒྲ་ཡིས་བསང་། །དེ་ལྟར་བསང་མཆོད་ཕུལ་བ་ཡི། །ཁྱེད་རྣམས་སྐུ་གསུང་ཐུགས་མཉེས་ནས། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། སྐུ་ཁྱིམ་དགེ་བསྙེན་དྲག་རྩལ་ཅན། །ཡུལ་ལྷ་གཞི་བདག་མཐུ་བོ་ཆེ། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །བརྩེ་བའི་ཐུགས་རྗེས་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གྱུར་པས། །ཁྱེད་རྣམས་ཐུགས་དང་འགལ་བ་ཡི། །ཕོག་ཐུག་འགྲམ་འཁྲུག་གང་མཆིས་པ། །མཐོལ་ལོ་བཤགས་སོ་བཟོད་


CMR037_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ། །ཀླུ་དང་ས་བདག་གནོད་པ་ཡི། །ནད་དང་གནོད་པ་ཞི་བར་མཛོད། །མི་ནད་ཕྱུགས་ནད་ཞི་བར་མཛོད། །གོད་ཁ་གཅན་སྤྱང་གནོད་པ་ཟློག །ལོ་ལེགས་སད་སེར་མེད་པར་མཛོད། །ཚེ་རིང་ནད་མེད་ནོར་ཕྱུགས་འཕེལ། །བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ནད་ཁ་ཆོད་ལ་ཡམས་ཁ་ཟློག །ཆོས་དང་མཐུན་པའི་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་པ་འདི་སྨིན་དྲུག་ཟླ་བའི་ཚེས་བཅུའི་སྔ་དྲོ་ཐུན་མཚམས་གཅིག་ལ་སྦྱར་བ་ལ། འགལ་འཁྲུལ་མཆིས་ན་སྐུ་ཁྱིམ་ཉིད་ལ་བཤགས། །དགེ་བས་བདག་སོགས་འཁོར་བཅས་ཀྱི། །མི་ནད་ཕྱུགས་ནད་ཞི་བ་དང་། །ཚེ་རིང་ནད་མེད་ནོར་ཕྱུགས་འཕེལ་བ་དང་། །དགེ་ལེགས་དཔལ་ལ་སྤྱོད་པར་ཤོག །ཅེས་རཱ་ག་ཨ་སྱས་སྦྱར་བ་འདི་ཉིད་རྗེ་གོང་མའི་བརྒྱུད་འཛིན་དགེ་སློང་ཆོས་དབྱིངས་ཀྱི་ཕྱག་དཔེ་བཀྲ་ཤིས་དར་ལ་རྒྱས་པར་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྐུ་ཁྱིམ་དགེ་བསྙེན་གྱི་བསང་མཆོད།next