Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་དགོས་འདོད་དཔལ་གཏེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་དགོས་འདོད་དཔལ་གཏེར།next

ཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་དགོས་འདོད་དཔལ་གཏེར།


CMR037_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་དགོས་འདོད་དཔལ་གཏེར་ཞེས་བྱ་བ་བཞུགས་སོ།། ༈ བསང་རྫས་རྣམས་གཙང་མར་བཤམས་ལ། རང་ཉིད་པད་འབྱུང་གསལ་བའི་ཐུགས་ཀ་ནས། །ལས་འོད་འཕྲོས་ཀླུ་རྒྱལ་འཁོར་དང་བཅས། །གནས་འདིར་སྤྱན་དྲངས་འོས་པའི་གདན་ལ་བཞུགས། །ཡན་ལག་བརྒྱད་ལྡན་མཆོད་ཡོན་ཞབས་བསིལ་དང་། །འདབ་སྟོང་ལྡན་པའི་མེ་ཏོག་དྲི་བཟང་སྨན། །བསྲེགས་པའི་དུད་སྤྲིན་ཞུན་མར་ཕྱོགས་ཀུན་ཏུ། །གསལ་བའི་མདངས་ལྡན་དྲི་ཆབ་དྲི་ལྡན་དང་། །རོ་མཆོག་ལྡན་པའི་ཞལ་ཟས་སྙན་དབྱངས་རོལ། །དངོས་འབྱོར་ཡིད་སྤྲུལ་དག་གིས་མཆོད་པར་བགྱི། །ཀྱཻ། དགེ་བསྙེན་ཆེན་པོ་ཤེལ་ཁྱིམ་སྐུ་མདོག་ནི། །དཀར་བའི་མདངས་ལྡན་གངས་ལ་ཉི་ཕོག་ལྟར།། རྣོ་མཚོན་ངར་འཇོམས་དུང་གི་ཁྲབ་རྨོག་གསོལ། །གཡས་གཡོན་འཁོར་གསུམ་བརྒྱན་ཅིང་ཕྱག་གཡས་གཡོན། །དར་མདུང་གཏེར་སྒྲོམ་ཤེལ་དཀར་ཕྲེང་བ་འཛིན། །ཅང་ཤེས་ལི་ཁྲིའི་མདངས་ལྡན་ལེགས་འགྲོ་ཆིབས། །བཀའ་སྡོད་ཡང་འཁོར་ཕྱི་ནང་བློན་འབངས་བཅས། །འཁོར་དང་བཅས་ལ་ཡིད་ཀྱིས་བདག་བསྟོད་དོ། །ཁྱེད་རྣམས་མཆོད་པའི་


CMR037_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་རྨད་དུ་བྱུང་། །བཟང་ཤིང་སྣ་ཚོགས་ཞུན་མར་དྲི་བཟང་དང་། །ཇ་ཆང་འོ་ཞོའི་མཆོད་པ་འདི་དག་ནི། །རོལ་པའི་མཚོ་བདུན་བས་ཀྱང་ཟབ་ཅིང་འཁྱིལ། །ཕྱེ་མར་འབྲུ་སྣ་རིན་ཆེན་སྣ་ལྔའི་ཚོགས། །གསེར་གྱི་རི་བདུན་བས་ཀྱང་བཀོད་རེ་ལེགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་དམ་རྫས་རྣམས། །དགེ་བསྙེན་ཤེལ་ཁྱིམ་འཁོར་དང་བཅས་ལ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །འགལ་འཁྲུལ་ཉེས་པའི་ཚོགས་རྣམས་ཅི་མཆིས་བཤགས། །ཁྱེད་རྣམས་གྲིབ་དང་མི་གཙང་རྨུགས་པ་སོལ། །དེ་ལྟར་བསང་མཆོད་གཏོར་མ་ཕུལ་བའི་མཐུས། །སངས་རྒྱས་བསྟན་དར་བསྟན་འཛིན་སྐྱེས་བུ་ཡི། །སྐུ་ཚེ་མཛད་འཕྲིན་དར་ཞིང་རྒྱས་པ་དང་། །ལུང་རྟོགས་ཆོས་སྲིད་འཛིན་པའི་ས་སྐྱོང་རྣམས། །འཕགས་པའི་སྡེ་རྒྱས་རྒྱལ་ཁམས་ཆོས་སུ་སྤྱོད། །ཡུལ་ཁམས་འདི་དང་ཕྱོགས་དུས་གཞན་དག་ཏུ། །ནད་མུག་འཁྲུག་རྩོད་མི་མཐུན་ཞི་གྱུར་ནས། །ལེགས་ཚོགས་འདོད་པའི་ཡོན་ཏན་ཡར་ཟླ་ལྟར། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་པས། །གང་འདོད་ཅི་བཅོལ་ཕྲིན་ལས་གང་བཅོལ་བ། །ཐོགས་མེད་མྱུར་དུ་འགྲུབ་


CMR037_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དུ་གསོལ། །ཅེས་ཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་འདི་བཞིན་དགོས་ཞེས་དད་ལྡན་བསོད་ནམས་དབང་རྒྱལ་གྱི་བསྐུལ་ངོར། ༧ ཀརྨ་ཨ་རཱ་གའི་མིང་གིས་ལྕགས་སྦྲུལ་ཟླ་༥ཚེས་བཟང་པོར་སྒྲུབ་གནས་དཔལ་རི་རྩེར་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ། །༈ ཀྱི་སངས་རྒྱས་དབོན་པོའི་སྒྲུབ་གནས་ཆེའི། །ཤར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཆེ། །ཀླུ་རྒྱལ་ཤེལ་ཁྱིམ་གཉན་པོ་ནི། །ཡུམ་བློན་སྤྲུལ་འཁོར་སྡེ་རིགས་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །བཀྲ་ཤིས་འདོད་དགུའི་དངོས་གྲུབ་སྩོལ། །ཨ་རཱ་གས་སོ།།


previousཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་དགོས་འདོད་དཔལ་གཏེར།next