ཀླུ་སྒྲོན་གྱི་བསང་མཆོད།
ཀླུ་སྒྲོན་གྱི་བསང་མཆོད་ནི། ཀྱཻ། རྡོ་རྗེ་གདན་གྱི་བྱང་ཕྱོགས་དང་། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །འཇིག་རྟེན་དབང་ཕྱུག་ཞིང་ཁམས་ན། །ངོམ་དུ་རུང་བའི་སྟོད་ཀྱི་ཆ། །མདོ་སྨད་ས་ཡི་ཐིག་ལེ་ན། །རིན་ཆེན་རི་བོ་དགུང་དུ་འཕྱོ། །ལྗོན་ཤིང་ནགས་ཚལ་ཐིབས་སེ་ཐིབ། །གཡུ་མཚོ་སྔོན་མོ་མེ་རེ་རེ། །ཤེལ་གྱི་ཆུ་མིག་ཤ་ར་ར། །རིན་ཆེན་བྲག་རི་སྤུངས་པ་ལ། །ཁ་དོག་སྣ་ལྔ་འོད་དུ་འབར། །གོར་མོ་རྡོ་ཡི་ཕ་བོང་ལ། །རབ་འཇིགས་སྟག་གཟིག་གཟུགས་སུ་གྲུབ། །དེ་འདྲ་ཡུལ་གྱི་མངའ་བདག་ནི། །ཀླུ་མོ་ཀླུ་སྒྲོན་ཞེས་སུ་གྲགས། །ཡབ་ནི་ལྷ་ཡི་རྒྱལ་པོ་སྟེ། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །བླ་མཚོ་ཕོ་ཝ་ཏ་ཕྱི་བསང་། །མོ་མ་ཕྱའུ་གཡང་དཀར་g|བསང། །མདའ་ར་ལྷ་བཙན་མཚལ་རྩེ་བསང་། །མདུང་ར་གོ་ཆོ་སྤུན་དགུ་བསང་། །ཕྱི་བློན་གསེར་རྒོད་སེར་པོ་བསང་། །ནང་བློན་གཡུ་རྒོད་སྔོན་པོ་བསང་། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་། །སྒོ་སྲུང་ར་དཀར་གཉན་པོ་བསང་། །ལས་མཁན་ཀླུ་བདུད་མགར་ནག་བསང་། །ཡུམ་ནི་ཀླུ་ཡི་བཙུན་མོ་སྟེ། །རྒྱལ་མོ་རི་ཕྱུག་འཁོར་
བཅས་བསང་། །བཟང་བྱེད་ཡ་རྒྱལ་གཉེན་མོ་བསང་། །ཞང་པོ་ཀླུ་ཡི་རྒྱལ་པོ་སྟེ། །འབོ་རང་རྡོ་རྗེ་བདུད་འདུལ་བསང་། །དེ་ཡི་འཁོར་དུ་གཏོགས་པ་ཡི། །ཀླུ་བདུད་ཀླུ་བཙན་ཐམས་ཅད་བསང་། །གཉེན་དང་མཚོ་སྨན་ཐམས་ཅད་བསང་། །དགྱེས་སྡེ་རྟ་འདྲ་གཉན་པོ་བསང་། །འཁོར་དང་ཡང་འཁོར་བཅས་པ་བསང་། །གཞན་ཡང་གཉན་པོ་ནོར་བདག་དང་། །འབྲོང་རྫོང་ཇོ་མོ་རྨེ་དིལ་སོགས། །ས་ཕྱོགས་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་བཙན་བདུད་སྨན་དང་དམུ། །གཞི་བདག་གཉན་པོ་ཐམས་ཅད་བསང། །ཀྱཻ། སྨན་བཙུན་ཆེན་མོ་ཀླུ་སྒྲོན་མ། །རབ་མཛེས་ཡིད་འཕྲོག་ལྷ་མོའི་གཟུགས། །སྲབ་འཇམ་ན་བཟའ་ལྷུབས་སེ་ལྷུབ། །རིན་ཆེན་རྒྱན་ཆ་སི་ལི་ལི། །མཛེས་པའི་གར་སྟབས་ཁྱུགས་སེ་ཁྱུག །སྙན་པའི་གླུ་ལེན་ཀྱུ་རུ་རུ། །དགྱེས་པའི་འཛུམ་ཞལ་ཡ་ལ་ལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་སྨན་ཀླུ་སྒྲོན་ཆེན་མོའི་སྲས། །མཛེས་སྡུག་ལྷ་ཡི་སྲས་པོ་འདྲ། །སྤྱན་མིག་དཀར་ཆེན་ཤར་བ་འདྲ། །དབུ་སྐྲ་སིལ་བུས་སྐུ་སྟོད་ཁེབས། །མཛེས་པའི་ན་བཟའ་
སྐུ་ལ་གསོལ། །རིན་ཆེན་ལན་ཚར་སྙན་ལ་མཛེས། །དགྱེས་པའི་འཛུམ་ཞལ་ཡ་ལ་ལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀྱཻ། ཀླུ་སྨན་ཀླུ་སྒྲོན་ཡུམ་སྲས་ལ། །དཀར་གསུམ་མངར་གསུམ་རིན་པོ་ཆེ། །འབྲུ་སྣ་སྨན་སྣ་དར་ཟབ་དང་། །དར་ཚོན་བལ་ཚོན་ཤེལ་ཚིགས་དང། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཉམས་དང་རྒུད་པ་སངས་གྱུར་ཅིག །རྨུགས་དང་མནོལ་བ་སངས་གྱུར་ཅིག །ཀླུ་ནད་ཐམས་ཅད་ཞི་གྱུར་ཅིག །བཀྲག་དང་གཟི་བརྗིད་འཕེལ་གྱུར་ཅིག །མཐུ་སྟོབས་ནུས་པ་རྒྱས་གྱུར་ཅིག །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །བདེ་གཤེགས་རྣམས་ཀྱི་བདེན་པའི་མཐུས། །ཀླུ་སྒྲོན་ཁྱོད་ཀྱིས་ཀླུ་ནད་ཀུན། །ད་ལྟ་ཉིད་དུ་ཞི་གྱུར་ཅིག །སྟོབས་དང་གཟི་བརྗིད་འཕེལ་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། ཇི་ལྟར་ནུས་པའི་དངོས་གྲུབ་སྩོལ། །ཀླུ་སྒྲོན་ཡབ་ཡུམ་སྲས་དང་བཅས། །འཁོར་དང་སྡེ་ཚན་བཅས་པ་ལ། །བསང་མཆོད་དམ་པ་འདི་ཕུལ་བས། །འཁོར་བཅས་མཉེས་ཤིང་
ཚིམ་པར་མཛོད། །འཁོར་བཅས་མཉེས་ཤིང་ཚིམས་ནས་ཀྱང་། །ཡབ་གཅིག་དགེ་བསྙེན་རྡོ་རྗེའི་མཚན། །བོད་ཁམས་ཡོངས་ཀྱི་སྲུང་མ་ཡིན། །བདག་ཅག་ཡོན་མཆོད་སྲུང་སྐྱོབ་མཛོད། །།ཡུམ་དང་ཞང་པོ་ཀླུ་ཡིན་པས། །དགེ་བསྙེན་རྡོ་རྗེ་བདུད་འདུལ་གྱི། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །དགྱེས་སྡེ་ཡུལ་ལྷ་རྟ་འདྲ་ཡིས། །ཡུལ་གྱི་མགོན་སྐྱབས་མེལ་ཚེ་མཛོད། །ཀླུ་སྨན་ཀླུ་སྒྲོན་ཡུམ་སྲས་ཀྱིས། །ཀླུ་གཡང་དངོས་གྲུབ་ཐམས་ཅད་སྩོལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་པ་འདི་ཡུལ་དེའི་མི་རྣམས་ཀྱིས་ཀླུ་གཏོར་བསྐུར་ཟེར་ནས་དོ་དམ་བྱུང་བའི་གཏེར་སྦ་དུས་འདོན་རྒྱུ་ཡིན་ཀྱང་བསང་ནམ་བྱེད་བཏོན་ཀྱང་ལེགས། ཞེས་ཨ་རཱ་གས་བྲིས་པ་སྟེ། སྔོན་གྱི་ངག་རྒྱུན་ལས་བྱུང་བ་དང་། སྔ་སོར་གནས་དེར་ཀླུ་མཆོད་བྱེད་དུས། དེའི་རང་གཟུགས་གསལ་བར་བྱུང་བས་སོ། །མངྒ་ལཾ།། །།