ཕུག་ལྷའི་བསང་མཆོད་བདེ་ལེགས་ཀུན་འབྱུང་།
ཕུག་ལྷའི་བསང་མཆོད་བདེ་ལེགས་ཀུན་འབྱུང་བཞུགས་སོ།། ཧྲཱིཿ བདག་ཉིད་གུ་རུ་པདྨ་འབྱུང་གནས་ཀྱིས། །བྱམས་དང་སྙིང་རྗེས་ལྷ་འདྲེ་དབང་དུ་སྡུས། །ཡུལ་ཕྱོགས་ས་ཕྱོགས་འདི་ལ་དབང་བའི་ལྷ། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་ལྔ་དང་། །ཡུལ་ཕྱོགས་ས་ཕྱོགས་གནས་བདག་ཡུལ་ལྷ་རྣམས། །མཆོད་སྦྱིན་དབང་གིས་གནས་འདིར་གཤེགས་སུ་གསོལ། །དགོན་གནས་གཙུག་ལག་ཁང་ལ་གནས་པ་དང་། །དཀའ་ཐུབ་གནས་དང་སྒྲུབ་ཁང་གནས་རྣམས་དང་། །གྲོང་དང་གྲོང་ཁྱེར་རྒྱལ་པོའི་དཀོར་མཛོད་དང་། །སྦྲ་གུར་ཁང་ཁྱིམ་ཕྱུགས་ལྷས་གང་གནས་དང་། །སྒྲུབ་པའི་ལྷ་དང་ཕ་མྱེས་ལས་ཀྱི་ལྷ། །མ་སྲུ་རྒན་རབས་དཀོར་ནོར་རྗེས་སུ་འོངས། །དཀོར་བདག་ཕུག་ལྷ་གཉན་པོ་གནས་འདིར་བྱོན། །གནས་བདག་དཀོར་བདག་ཕུག་ལྷ་གཉན་པོ་ཁྱོད། །བཙུན་པ་རབ་བྱུང་དགེ་སློང་ཚུལ་འཛིན་པ། །རྣལ་འབྱོར་ཚུལ་བཟུང་སྔགས་པའི་ཆས་བྱེད་དང་། །རྒྱལ་པོའི་གཟུགས་བཟང་སྐྱེས་པ་སྟག་ཆས་དང་། །བུ་ཆུང་སྟག་རིལ་བུ་མོ་གཡུ་ཕུད་ཅན། །བུད་མེད་ཆོས་བཟང་རྒན་གཞོན་སྣ་ཚོགས་དང་། །ཁྱི་སྐྱ་ཁྱི་དམར་དགེ་བསྙེན་དཀོར་
བདག་རྣམས། །གང་ན་འདུག་ཀྱང་གང་ན་འགྲོ་བའི་གནས། །ཡུལ་བདག་གྲོང་བདག་དཀོར་བདག་འཁོར་བཅས་རྣམས། །རུ་ང་ཕྲག་དོག་ཀོ་ལོང་མ་མཛད་ལ། །མཆོད་པའི་གནས་འདིར་ཐམས་ཅད་མྱུར་དུ་བྱོན། །དགའ་མགུ་ཡི་རང་ངང་ལ་གཤེགས་སུ་གསོལ། །ཁྱིམ་ལྷ་ཕུག་ལྷ་དཀོར་བདག་འཁོར་བཅས་ལ། །དཀར་གསུམ་མངར་གསུམ་ཤ་ཁྲག་གཙང་མས་མཆོད། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ། །དཀོར་བདག་ཕུག་ལྷ་གཉན་པོ་འཁོར་བཅས་ལ། །ཇ་ཕུད་ཆང་ཕུད་གསེར་སྐྱེམས་བདུད་རྩིས་མཆོད། །ཕུག་ལྷ་དཀོར་བདག་གནས་བདག་འཁོར་བཅས་མཆོད། །འབྲུ་སྲན་སྣ་ལྔ་ཕྱེ་མར་སྤྱན་གཟིགས་འདིས། །བསང་ངོ་ཕུག་ལྷ་དཀོར་བདག་འཁོར་བཅས་བསང་། །ཨ་གར་ཛཱ་ཏི་རྒྱ་ཤུག་སྤང་སྤོས་དང་། །སུར་དཀར་མཁན་དཀར་མེ་ལ་རབ་བསྲེགས་ནས། །དྲི་བཟང་དུད་སྤྲིན་ཁང་ཁྱིམ་ཡོངས་ལ་ཁྱབ། །ཕྱི་ནང་གསང་གསུམ་བསང་གི་མཆོད་པ་འདིས། །ཁྱིམ་ལྷ་ཕུག་ལྷ་དཀོར་བདག་གཉན་པོ་བསང་། །རྟ་ལྷ་ནོར་ལྷ་ལུག་ལྷ་གཡང་ལྷ་བསང་། །ཟས་ནོར་ལྷ་དང་ཐབ་ལྷ་གཉན་པོ་བསང་། །ཀྱཻ། གསོན་ཅིག་ཉོན་
ཅིག་ཕུག་ལྷ་དཀོར་བདག་རྣམས། །ཕ་མྱེས་སྔོན་ནས་ཁྱོད་ཉིད་ཡོད་པའི་ལྷ། །མ་ཡེངས་མ་འཁྱམས་རང་ལ་འཁོར་བར་གྱིས། །ད་ལྟ་བདག་གི་ལས་ལ་འཁོར་བའི་ལྷ། །ཞི་རྒྱས་དབང་དྲག་ལས་ལ་གང་བྱེད་ཀྱང་། །རུ་ང་ཕྲག་དོག་མ་མཛད་བརྟན་པར་བཞུགས། །སྒྲུབ་པའི་ལྷ་དང་མཆོད་ཅིང་འཁོར་བའི་ལྷ། །བདག་དང་འདུ་འབྲལ་མེད་པར་མགོན་སྐྱོབ་མཛོད། །ཐབ་དང་གཞོབ་དང་འཁོན་འཛིན་ལས་བྱས་རྣམས། །མནོལ་བ་མེད་པ་བསང་གིས་དག་གྱུར་ཅིག །མཁར་གྱི་རྩེ་ལྷ་ཐབ་ལྷ་ཁྱིམ་ལྷ་དང། །ཕ་མཚུན་དགྲ་བླ་གྲོགས་ལྷ་ཟས་ནོར་ལྷ། །དེ་དག་རྣམས་ལ་བསང་གི་མཆོད་པ་འབུལ། །སྦྱིན་པའི་སྟོབས་ཀྱིས་བསང་དང་མཆོད་པ་འབུལ། །ཇི་སྲིད་འཁོར་བའི་སེམས་ཅན་མ་ཟད་པར། །དེ་སྲིད་བསང་མཆོད་འདི་ནི་ཟད་མེད་ཤོག །འདི་ལྟར་མཆོད་པའི་བསོད་ནམས་དཔག་མེད་ཀྱིས། །ཕུག་ལྷ་དཀོར་བདག་རྣམས་ཀྱང་མཉེས་གྱུར་ཅིག །མཉེས་ནས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕུག་ལྷ་སྤྱི་བསང་འདི་ཕུག་ལྷ་ཉམས་པ་དང་། ཕུག་ལྷ་མི་གཅིག་པ་དང་། བླ་མཆོད་གསར་པ་དང་། གྲུབ་མཐའ་མི་གཅིག་པ་དང་། ཡོན་