Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་ལྷའི་བསང་མཆོད་རིན་ཆེན་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞིང་ལྷའི་བསང་མཆོད་རིན་ཆེན་ཆར་འབེབས།next

ཞིང་ལྷའི་བསང་མཆོད་རིན་ཆེན་ཆར་འབེབས།


CMR037_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷའི་བསང་མཆོད་རིན་ཆེན་ཆར་འབེབས་བཞུགས་སོ།། ཨོཾ་སྭ་སྟི། འདིར་ཞིང་ལྷ་བསང་ཞིང་གསོལ་ཁ་འདོད་པས། བསང་གཞུང་སྔོན་འགྲོ་གཞུང་བཞིན་སོང་ནས། འབྲུ་སྣ་ཟས་སྣ་བཟང་ཤིང་གི་རིགས་ཐམས་ཅད་ཕུལ་ཞིང་། དྲི་བཟང་ཕྱོགས་མཐར་ཁྱབ་པར་བྱས་ནས། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།། ཀྱཻ། སྔོན་གྱི་ཡ་ཐོག་བསྐལ་པ་ལ། །ཀུན་བཟང་ཆོས་སྐུའི་ཀློང་ཡངས་ནས། །སྣ་ཚོགས་སྤྲུལ་པ་ཅི་ཡང་འཆར། །སངས་རྒྱས་སེམས་ཅན་ཅི་ཡང་སྲིད། །སྟོན་པ་མཉམ་མེད་ཟས་གཙང་སྲས། །མངོན་པར་རྫོགས་སངས་རྒྱས་པའི་ཕྱིར། །ལྷ་སྲིན་བདུད་ཀྱི་འཚེ་བ་ལ། །དབང་པོར་ཁས་བླངས་ས་ལྷ་མཆོད། །སྟོང་གསུམ་ས་ཡི་དཀྱིལ་འཁོར་ལས། །དབང་བྱེད་ལྷ་མོ་བརྟན་མ་ཞེས། །ཁྱད་པར་ཐུབ་པས་ལུང་བསྟན་པ། །སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ། །ཁ་བ་ཅན་གྱི་ལྷ་སྐལ་ཞེས། །རྫུ་འཕྲུལ་ཆུ་ཀླུང་རོལ་པ་ལས། །བྲག་སྲིན་མོ་དང་སྤྲེའུ་སྲིད། །གང་འདུལ་ཐུགས་རྗེའི་སྐུར་བསྟན་ནས། །སྤྲུལ་པ་མིའུ་གདོང་དྲུག་སྲིད། །འཚོ་བའི་མེ་ཏོག་སྣ་ཚོགས་དེ། །ཀླུ་ཡི་ཡུལ་ནས་སྒྲོལ་མས་དྲངས། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་


CMR037_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། །གསེར་གྱི་མདོག་ཅན་ཞིང་ལ་འཁྲུངས། །འཛམ་གླིང་ཞིང་གི་མངའ་བདག་སྟེ། །ཕྱག་ན་རྡོ་རྗེས་དབང་བསྐུར་ནས། །ཞིང་ལྷ་ཚངས་པར་མངའ་གསོལ་ལོ། །ཀློང་ནས་འབྲུ་གྲངས་ཚར་བབས་ཚེ། །ཞིང་ལྷ་ནམ་མཁའི་ཁམས་ལ་གནས། །ཀླུ་ཆེན་རིགས་བཞིའི་འཁོར་གྱིས་བསྐོར། །ཉི་ཟླ་གཟའ་སྐར་ཕོ་ཉར་འགྱེད། །ལས་སུ་སྤྲིན་སྡུད་སྦྲང་ཆར་འབེབས། །བསང་ངོ་བརྔན་ནོ་ཞིང་ལྷ་བསང་། །ས་ལ་སོ་ནམ་བྱེད་པའི་ཚེ། །ཞིང་ལྷ་ས་ཡི་བཅུད་དུ་བཞུགས། །ས་བདག་ཡུལ་ལྷའི་འཁོར་གྱིས་བསྐོར། །དུས་བཞི་རྒྱལ་མོ་ཕོ་ཉར་འགྱེད། །ལྷ་མོ་བརྟན་མ་ཡུམ་དང་སྦྱོར། །ལས་སུ་འབྲས་དྲུག་ལོ་ཏོག་སྨིན། །བསང་ངོ་བརྔན་ནོ་ཞིང་ལྷ་བསང་། །རྣལ་འབྱོར་བསང་གིས་མཆོད་པའི་ཚེ། །ཞིང་ལྷ་ལྷ་ཆེན་ཞིང་ལ་བཞུགས། །རིན་ཆེན་འབྱུང་དང་དབྱེར་མེད་པར། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །བསང་ངོ་བརྔན་ནོ་ཞིང་ལྷ་བསང་། །སྟོང་གསུམ་སྟོང་གི་ཞིང་ལྷའི་ཚོགས། །ཐམས་ཅད་འདིར་བྱོན་གདན་ལ་བཞུགས། །བསང་གསུར་བརྔན་མཆོད་འདི་བཞེས་ལ། །ས་བཅུད་ཉམ་པ་བསལ་དུ་གསོལ། །ཞིང་ལྷ་


CMR037_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདིར་བཞུགས་སུ་གསོལ། །རུ་ང་ཕྲག་དོག་མ་མཛད་པར། །ཞི་བ་བྱམས་པའི་སེམས་དང་ལྡན། །མི་བདག་ཚེ་རིང་བདེ་སྐྱིད་ལྡན། །ལྷ་ཁྱེད་རྟག་ཏུ་མགོན་ཞིང་སྐྱོབས། །ཞིང་འདིར་ལོ་ལེགས་སད་སེར་དང་། །བཙའ་འབུ་ལ་སོགས་ལོ་དགྲ་ཟློག །རྒྱལ་ཆེན་བཞི་ལ་བཀའ་ཡང་གཏད། །ལྷ་མོ་བཞི་ལ་ཕྲིན་ལས་ཐུབཅོལ། །ཡུལ་ལྷ་རྣམས་ལ་བཀའ་བསྒོས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་། སྣང་བརྒྱད་སྙིང་པོ་འབྲུ་སྤེལ་གཟུངས་རྣམས་བརྗོད། ཅེས་པ་ཀླུ་འདི་ཞིང་པ་རྣམས་ལ་ཕན་ཕྱིར། གོ་འཇོ་གཞུང་དུ་བསོད་ནམས་ལྷུན་གྲུབ་ཀྱིས་བསྐུལ་ཕྱིར། ཨ་རཱ་གས་བྲིས་པས་ལོ་ལེགས་འབྲུ་རྣམས་འཕེལ་བའི་བཀྲ་ཤིས་ཤོག །མངྒ་ལཾ། ཤུ་བྷྲཱུཾ།


previousཞིང་ལྷའི་བསང་མཆོད་རིན་ཆེན་ཆར་འབེབས།next