Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེར་ལམ་གཅོད་པའི་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེར་ལམ་གཅོད་པའི་ཐབས།next

སེར་ལམ་གཅོད་པའི་ཐབས།


CMR037_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་འདུས་པདྨ་འབྱུང་གནས་ལ༔ བདག་དང་ལོ་ཐོག་འབུ་སྲིན་སྐྱབས་སུ་མཆི༔ འགྲོ་ཀུན་མུ་གེའི་འཇིགས་ལས་སྐྱོབ་པའི་ཕྱིར༔ བདག་གི་ལོ་རིམ་བསང་མཆོད་བསྒྲུབ་པར་བྱ༔ ཆོས་ཀུན་ཡེ་ནས་ཀ་དག་རྫོགས་པ་ཆེ༔ དེ་ཡི་རང་མདངས་ཆུ་ལས་ཉ་འཕར་ཚུལ༔ རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཐོར་ཚུགས་ཕོད་ཀ་ཆོས་གོས་མགོ་ཕྲེང་བརྒྱན༔ བཞིན་བསྡུས་སྤྱན་བསྒྲད་མཆེ་བས་མ་མཆུ་མནན༔ རྡོ་རྗེ་ཕྱར་ཞིང་ཕུར་པ་བགེགས་ལ་གཟིར༔ འདོར་ཐབས་ཞབས་གཉིས་སྟག་མོའི་སྟེང་ན་འགྱིང་༔ དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས༔ བསང་གི་མགྲོན་རྣམས་མདུན་དུ་སྤྱན་དྲངས་གྱུར༔ ཧྲཱི༔ འཁོར་འདས་མཉམ་ཉིད་ཆོས་དབྱིངས་ཞིང་ཁམས་ནས༔ འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས༔ དད་པ་དམ་ཚིག་དབང་གིས་སྤྱན་དྲངས་ན༔ ཐུགས་རྗེས་ཐུགས་དམ་དབང་གིས་འདིར་གཤེགས་ལ༔ ནམ་མཁར་བར་སྣང་ས་གཞི་སོ་སོ་ལ༔ ཡིད་སྤྲུལ་འོས་ཤིང་འཚམས་པའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་དད་པས་


CMR037_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཞིང་༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ༔ ཡོན་ཏན་རྒྱ་མཚོ་རྣམས་ལ་གུས་པས་བསྟོད༔ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས༔ དཀར་གསུམ་མངར་གསུམ་གཙང་མོ་ཟས་ཀྱི་ཕུད༔ འོ་ཞོ་ཇ་ཆང་ལ་སོགས་ཕུད་ཀྱིས་བྲན༔ སྣང་གསལ་མེ་སྦར་དྲི་བཟང་སྤྲིན་ཕུང་འཁྲིགས༔ བཛྲ་དྷ་པེ་ཧཱུྃ་གིས་བྱིན་གྱིས་བརླབས༔ འདི་འདྲའི་ངོ་མཚར་དཔག་མེད་བསང་མཆོད་འདིས༔ བླ་མ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བསང་༔ རྟ་ཕག་ཡབ་ཡུམ་གིང་ཆེན་བཅུ་དྲུག་བོསང་༔ སྒོ་མ་བཞི་དང་མུན་རན་སྐྱོང་མཛད་བསང་༔ དྲག་པོ་ཡབ་ཡུམ་གོ་ཆ་ལྷ་ལྔ་བསང་༔ རིགས་བདག་བྱ་ཁྱུང་བླ་མ་ཐོད་ཕྲེང་བསང་༔་དྲག་པོ་ལྷ་བཞི་མཁའ་འགྲོ་སྡེ་བཞི་བསང་༔ ཚེ་བདག་ཁྲོས་ནག་སེང་གདོང་ཕུར་པ་བསང་༔ ཁྲོ་རྒྱལ་བཅུ་དང་སྒོ་བཞི་སྲུང་མ་བསང་༔ དབང་ཆེན་ནག་པོ་ཀླུ་འདུལ་ལྷ་ལྔ་བསང་༔ མེ་དབལ་ལྕགས་རམ་ཁྱུང་དང་སྡིག་རྒོད་བཟང་༔ མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་བསང་༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་བསང་༔ སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་བསང་༔ ཡེ་ཤེས་ཀླུ་བརྒྱད་སྨྱོ་ཁ་གནས་བརྒྱད་


CMR037_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསང་༔ ཁྱད་པར་སེར་བདག་ཆེན་པོ་རཱ་ཧུ་ལ༔ གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ་བསང་༔ མགུར་ལྷ་བཅུ་གསུམ་བརྟན་མ་བཅུ་གཉིས་བསང་གཉན་ཆེན་སྡེ་བཞི་དགེ་བསྙེན་ཉེར་གཅིག་བསང་༔ རྨ་རྒྱལ་སྤོམ་ར་འཁོར་དང་བཅས་པ་བསང་༔ སྐུ་རྒྱལ་ཤེ་ནེ་གཟེ་རྒྱལ་མཆེད་གསུམ་བསང་༔ དབྱི་རྒྱལ་རིན་ཆེན་སྟག་ལྷ་རི་བཀྲ་བསང་༔ རྟ་འདྲ་ཀ་ན་ཤེ་ཁྱིམ་འཁོར་བཅས་བསང་༔ ཀླུ་ཡི་དགེ་བསྙེན་འབོ་རང་འཁོར་བཅས་བསང་། ངོམ་རྒྱལ་ཚའུ་མཚལ་ཐེ་འཁོར་བཅས་བསང་༔ གཉེན་པོ་ནོར་བདག་ཡབ་ཡུམ་སྲས་བཅས་བསང་༔ འགམ་ཆེན་དགེ་བསྙེན་ཁྲ་ཡུ་ཁྲ་ཚང་བསང་༔ རྡ་རྣ་ངང་ཟོམ་རྒྱལ་མོ་རི་ཕྱུག་བསང་༔ བཙན་རྒོད་ཆེ་ལོང་དྲེལ་ཞོན་མཆེད་བརྒྱད་བསང་༔ སྲིན་མོ་བྲག་ནག་མི་ནག་སྤུན་གསུམ་བསང་༔ བཙན་རྒོད་སྤུན་གསུམ་བོན་པོ་བག་མ་བསང་༔ རི་སྤྱང་ཐོད་དཀར་གོ་གླད་སེར་ཡུ་བསང་༔ མངར་རྒྱལ་རག་ཕྲོམ་གུག་ཇོ་རྫ་སྐྱ་དང་༔ རག་ལྕམ་འཕར་མ་དགེ་བསྙེན་འགམ་ནག་བསང་༔ ཡེ་རྒྱལ་རྨོག་དཀར་ནམ་རུ་འཁོར་བཅས་བསང་༔ ཇོ་བོ་སྐེད་རྒྱལ་འཁོར་དང་བཅས་པ་བསང་༔ སྤ་རྒྱལ་ཚ་ལ་


CMR037_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་རྒྱལ་མཆེད་གསུམ་བསང་༔ རྒྱབ་དེར་རིན་ཆེན་མོ་ནམ་མཆེད་བརྒྱད་བསང་༔ སྐུ་ཁྱིམ་དགེ་བསྙེན་རྟ་ཟམ་འཁོར་བཅས་བསང་༔ འགྲུ་རྒྱལ་དམར་ཟེ་འབོམ་ནེ་རྫ་ནག་བསང་༔ ཚ་རྒྱལ་ཀུས་རྣ་ཚ་སྨན་དཀར་མོ་བསང་༔ ཁྱད་པར་སྤྱི་ཡི་ས་བདག་ཐམས་ཅད་བསང་༔ དེ་ལྟར་བསང་གི་མགྲོན་རིགས་ཐམས་ཅད་བསང་༔ གཡུ་ཤུག་ཕྱེ་མར་ཟས་ཕུད་གསུར་གྱི་མཆོད༔ དེ་ལྟར་མཆོད་ནས་ཕྲིན་ལས་བཅོལ་བ་ནི༔ བདག་གི་བསྲུང་བྱའི་ལོ་ཐོག་འདི་རྣམས་ཀུན༔ བསང་མགྲོན་ཁྱེད་རྣམས་ལ་ནི་བསྲུང་བཅོལ་གྱིས༔ སེར་བའི་གནོད་པ་མ་བཏང་ཐུབ་པར་གྱིས༔ ཡེ་ཤེས་པ་རྣམས་སྔོན་གྱི་དམ་དགོངས་ལ༔ ཡེ་ཤེས་དབྱིངས་ནས་སྲུང་སྐྱོབ་བྱིན་གྱིས་རློབས༔ འཇིག་རྟེན་པ་རྣམས་སྔོན་གྱི་དམ་ཚིག་དགོངས༔ མཐུ་སྟོབས་ཅི་འདུག་བལྟའོ་དྲེགས་པའི་ཚོགས༔ ལེ་ལོ་བཏང་སྙོམས་མ་མཛད་མ་གཡེལ་བར༔ སེར་བ་བསྲུང་བའི་ལས་འདི་འགྲུབ་པར་མཛོད༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བདག་དང་གཞི་བདག་འཁོར་དང་བཅས་


CMR037_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༔ གནོད་ཅིང་འཚེ་བའི་ལན་ཆགས་འབྱུང་པོའི་ཚོགས༔ སེར་བའི་སྣ་འདྲེན་ནག་ཕྱོགས་ལྷ་འདྲེའི་ཚོགས༔ ཟ་རེ་འཐུང་སྐོམ་བྱེད་པ་ཐམས་ཅད་ལ༔ བསང་དུད་ལྷག་མའི་ལོ་གླུད་འདི་འབུལ་བས༔ མགུ་ཞིང་ཚིམ་གྱིས་སེར་བའི་སྣ་མ་འདྲེན༔ རང་གི་ལུས་ལ་གནོད་པའི་དཔེ་ལོང་ལ༔ གཞན་ལ་མ་གནོད་བྱམས་པའི་སེམས་ལྡན་མཛོད༔ འཇིག་རྟེན་འཇིག་རྟེན་འདས་པའི་མགྲོན་རྣམས་ཀུན༔ བསང་དང་མཆོད་པ་འདི་ཡིས་མཉེས་གྱུར་ནས༔ བདག་གི་སེར་བ་བསྲུང་བའི་ཁ་འཛིན་མཛོད༔ ལོ་ལེགས་འབྲུ་འཕེལ་ཁུ་ཡེ་གཡང་དུ་ལེན༔ བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྩོལ༔ བསང་མགྲོན་ཐམས་ཅད་རང་རང་གནས་སུ་གཤེགས༔ བདག་ཉིད་ཐུགས་ཀའི་ཧཱུྃ་ཐིམ་གྱེན་རྫོགས་ཡལ༔ བརྗོད་མེད་བློ་འདས་ཆོས་སྐུ་རྗེན་པར་བུད༔ དགེ་བས་འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག །ཅེས་སེར་བསང་ཟུར་དུ་བསང་ར་བཅས་ལ༔ རྒྱུན་དུ་ཤུག་ཕྱེ་ཕྱེ་མར་འབྲུ་སྣ་བསྡུས་པ་ཅུང་ཟད་བླུགས་ལ་མཆོད་དོ༔ འོ་མ་ཇ་ཆང་ཆུ་སོགས་གང་འཛོམ་བྲན་ཅིང་འདོན་ནོ༔ འདིས་སེར་བ་ཐུབ་སླ་སེར་བ་བསྲུང་ཡང་ལྷ་འདྲེ་དང་མི་འདྲེས་ཤིང་བཀྲ་ཤིས་པའི་གནད་ཡོད༔ ཅེས་ཨ་རཱ་གས་སྔགས་འཆང་ཨོ་རྒྱན་གྱི་དོན་


previousསེར་ལམ་གཅོད་པའི་ཐབས།next