རྒྱུན་བསང་དང་ལམ་བསང་དགྲ་ལྷའི་བསང་མཆོད།
རྒྱུན་བསང་དང་ལམ་བསང་དགྲ་ལྷའི་བསང་མཆོད་འབྲེལ་མ་འདི་བསང་གང་བྱེད་ཀྱང་ཆོག །ཐབ་ཀའི་ནང་དུ་རུང་ངོ་། །
ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བསང་དང་མཆོད་པ་བྱ། །ཆོས་རྣམས་ཡེ་ནས་སྟོང་ཉིད་རྫོགས་པ་ཆེ། །དེ་ཡི་རང་མདངས་སྐད་ཅིག་དྲན་རྫོགས་ངང་། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག་ཞལ་གཅིག་སྤྱན་གསུམ་ཨོཾ་གཙིགས་སྡང་མིག་བསྒྲད། །ཐོར་ཚུགས་ཕོད་ཁ་ཆོས་གོས་མགོ་ཕྲེང་བརྒྱན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །སྟག་མོ་གྲུས་མའི་སྟེང་ན་འདོར་སྟབས་བསྒྲད། །དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ་ཡིག་ལས། །འོད་འཕྲོས་བསང་
མགྲོན་ཐམས་ཅད་སྤྱན་དྲངས་གྱུར། །གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །ཡེ་ཤེས་ལྷ་དང་འཇིག་རྟེན་དགྲ་བླའི་ཚོགས། །གནས་འདིར་བྱོན་ལ་བསང་དང་མཆོད་པ་བཞེས། །དྷི་ལས་དུ་བའི་ལྷ་མོ་སྐུ་མདོག་སྔོ། །དར་དང་རིན་ཆེན་རྒྱན་ལྡན་ལང་ཚོ་རྒྱུས། །ཕྱག་གཡས་ཁྲུས་བུམ་མི་གཙང་བྱིང་འཐིབས་བཀྲུ། །གཡོན་པས་སྨན་གཞོང་བསང་དུད་སྟོང་གསུམ་ཁྱབ། །དུད་པའི་རྩེ་ལ་བཀྲ་ཤིས་རྫས་རྟགས་བརྒྱད། །འདོད་པའི་ཡོན་ཏན་སྣ་ཚོགས་ཆར་དུ་འབེབས། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་བསངས། །བཛྲ་དྷུ་པེ་ཧཱུྃ་གིས་བྱིན་
གྱིས་བརླབས། །འདི་འདྲའི་ངོ་མཚར་བསང་གི་མཆོད་པ་འདིས། །སྐྱེ་འཆི་མི་མངའ་འཇའ་ལུས་རྡོ་རྗེའི་སྐུ། །གུ་རུ་རྡོ་རྗེ་གྲོ་ལོད་ལྷ་ཚོགས་བསངས། །སྲུང་སྐྱོབ་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །འཕགས་པ་དོན་ཡོད་ཞགས་པའི་ལྷ་ཚོགས་བསང་། །དགྲ་དང་རྒྱལ་པོའི་འཇིགས་པ་ཞི་བར་མཛོད། །འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་བསང་། འཇིགས་པ་བརྒྱད་དང་བཅུ་དྲུག་ཞི་བར་མཛོད། །འཕགས་མ་དུག་སེལ་ལྷ་མོ་འཁོར་བཅས་བསང་། །སྦྱར་དང་གྱུར་པའི་དུག་རིགས་གནོད་པ་སོལ། །ལྷ་མོ་འོད་ཟེར་ཅན་མ་འཁོར་བཅས་བསང་། །དགྲ་རྐུན་ཚད་པའི་གནོད་པ་ཞི་བར་མཛོད། །གཏེར་བདག་འཛམ་ལྷ་རིགས་ལྷ་འཁོར་བཅས་བསང་། །བསོད་ནམས་དབང་ཐང་རླུང་རྟ་དར་བར་་མཛོད། །ནོར་རྒྱུན་ལྷ་མོ་མཆེད་ལྔ་འཁོར་བཅས་བསང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་རབ་འཆང་བ་ཉི་མའི་སྲས་པོ་བསང་། །འདོ་བ་རྟ་ཡི་དངོས་གྲུབ་བསྩལ་དུ་གསོལ། །གནོད་སྦྱིན་སྡེ་དཔོན་གང་བ་བཟང་པོ་བསང་། །གཡང་དཀར་ལུག་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ཇོ་བོ་ལྷ་ཆེན་ཚོགས་བདག་རིགས་ལྔ་
བསང་། །མངའ་ཐང་སྟོབས་དང་འབྱོར་བའི་དངོས་གྲུབ་སྩོལ། །ཀྱཻ། སྲིད་པའི་སྨོན་མི་དབུ་ནག་དང་། །མི་མཆོག་རྒྱལ་བུ་མཐིང་གེ་སོགས། །ཕ་མཚུན་དགྲ་བླ་ཐམས་ཅད་བསང་། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །གདོང་གི་གདོང་ལྷ་སྨུག་པོ་ནི། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །མི་མངོན་ནམ་མཁའི་དབྱིངས་ན་བཞུགས་།གདོང་དར་རྒྱས་ཅན་གྱི་དགྲ་བླ་ཁྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཉེན་རྒན་དྷེ་ཝའི་བཀའ་བཞིན་དུ། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །ཨ་ལྕགས་འབྲུ་ཡི་དགྲ་བླ་ནི། །བྱ་ཁྲ་གནམ་ལྕགས་མཆུ་སྡེར་ཅན། །གོང་ཁ་འགྲིམ་ཞིང་འགྲུ་བླ་སྲུང་། །འབྲུ་ཡི་འགྲུ་མོ་ཁྲོམ་ཁྲོམ་ཁྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །འགྲུ་དར་རྒྱས་ཅན་གྱི་དགྲ་བླ་ཁྱེད། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །དབྲ་ཡི་དབྲ་མོ་སྤ་སྤུ་ནི། །དུང་གཡག་གཡུ་ཡི་རྭ་ཅོ་ཅན། །རྫ་རི་འགྲིམ་ཞིང་དགྲ་བླ་བསང་། །དགྲ་དར་རྒྱས་ཅན་གྱི་དགྲ་བླ་ཁྱེད། །འདིར་གཤེགས་བསང་དང་མཆོད་པ་
བཞེས། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །སྒ་ཡི་སྒ་མོ་ལེགས་ཕྲོམ་ནི། །མཚལ་སྟག་གཡུ་ཡི་རི་མོ་ཅན། །ནགས་མཐའ་འགྲིམ་ཞིང་དགྲ་བླ་སྲུང་། །ས་དར་རྒྱས་ཅན་གྱི་དགྲ་བླ་ཡིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །དབལ་ཟླ་གཉིས་ཀྱི་དགྲ་བླ་ནི། །ཤེལ་གྱི་ར་སྐྱེས་ཁམ་པ་དང་། །དུང་གི་ཁྱི་མོ་དཀར་མོ་ཡིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །གཞན་ཡང་བསངས་ཤིང་མཆོད་པ་ནི། །སངས་རྒྱས་ཆོས་ཀྱི་དགྲ་བླ་སྟེ། །དགྲ་བླ་ལེགས་ལྡན་ནག་པོ་བསང་། །སེར་ཆགས་ཡོངས་ཀྱི་དགྲ་བླ་སྟེ། །རྒྱུག་ཅན་ལེགས་བྱིན་དགྲ་བླ་བསང་། །བྱིས་ལ་འགྲོ་བའི་དགྲ་བླ་སྟེ། །ལམ་ལྷ་ཨཅུ་རེ་མན་བསང་། །ས་འཕྲང་འགྲིམས་པའི་དགྲ་བླ་སྟེ། །འཛེག་རྐྱེན་བྲག་ལྷ་མགོན་པོ་བསང་། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་སྟེ། །སྐྱེས་བུ་རྡོ་རྗེ་ལེགས་པ་བསང་། །དེ་ཡི་འཁོར་དུ་གཏོགས་པ་སྟེ། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་
བསང་། །དགྲ་ནོར་གནང་དུ་གཅོད་པའི་ལྷ། །དགྲ་བླ་གནམ་ལྷ་དཀར་པོ་བསང་། །དེད་ན་སློབ་པའི་དགྲ་བླ་སྟེ། །དགྲ་བླ་དུང་ཁྱུང་དཀར་པོ་བསང་། །འཐབ་ན་དཔའ་བའི་དགྲ་བླ་སྟེ། །དགྲ་བླ་དུང་མི་དུང་རྟ་བསང་། །གནམ་ལྕགས་ཐོག་གི་མི་ཕེག་པའི། །དགྲ་བླ་དུང་ཁྲབ་དཀར་པོ་བསང་། །ཁྲོ་ཆུའི་མདུང་གིས་མི་ཐུབ་པའི། །དགྲ་བླ་བསེ་ཕུབ་དམར་པོ་བསང་། །བྱ་རྒྱལ་ཁྱུང་གིས་མི་སླེབ་པའི། །དགྲ་བླ་བྱ་རྟ་དགུ་བརྩེགས་བསང་། །སུས་ཀྱང་མི་ཐུབ་མི་ཤིགས་པའི། །དགྲ་བླ་ཁྲ་མོ་ར་མགོ་བསང་། །མདའ་རྐྱེན་བྱི་ནུ་ར་ཙ་བསང་། །འཐབ་སྐྱེན་ཚོགས་བདག་གླང་སྣ་བསང་། །སོ་པ་དཔའ་རབ་མགོན་པོ་བསང་། །།ཕ་མྱེས་རྒྱུད་ཀྱི་དགྲ་བླ་དང་། །མ་ཕྱི་རྒྱུད་ཀྱི་སྨན་བཙུན་བསང་། །ཕ་མཚུན་དགྲ་བླ་ཁྱེད་རྣམས་ལ། །ཆེ་བ་གཡག་དང་ལུག་གིས་མཆོད། །ཆུང་བ་ཕོར་ནང་ཕུད་ཀྱིས་མཆོད། །ཕྱེ་མར་ཐེབ་ཙེ་གང་གིས་མཆོད། །ཆེ་ཡང་རང་ཆེ་མ་མཛད་ལ། །ཆུང་ཡང་མཁར་ལོང་མ་བྱེད་ཅིག །ཕ་སྤུན་ཤག་རོགས་བུ་སྲིང་གི །ཡུལ་དུ་མ་འཁྱམས་མ་བྲིས་ལ། །མི་དང་ལྷ་གཉིས་མི་འབྲལ་ཅིག །
ཀྱཻ། མདོ་ཁམས་སྒང་དྲུག་ཡུལ་ལྷའི་གཙོ། །རྨ་རྒྱལ་སྤོམ་ར་འཁོར་བཅས་བསང་། །མོད་ཁམས་ཟལ་མོ་སྒང་གི་ལྷ། །སྐུ་རྒྱལ་ཤེ་ནེ་འཁོར་བཅས་བསང་། །ཇོ་བོ་གཟེ་རྒྱལ་མཆེད་གསུམ་དང་། །དཔའ་རྒྱལ་ཚ་རིག་འཁོར་བཅས་བསང་། །དགེ་བསྙེན་ཀླུ་བདུད་སྨྱོ་ཁ་དང་། །བར་བློན་འབོ་རང་འཁོར་བཅས་བསང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཡུལ་ལྷ་གཞི་བདག་ཐམས་ཅད་བསང་། །ཁྱེད་རྣམས་བསངས་ཤིང་མཆོད་པ་ཡིས། །རྨུགས་འཐིབས་ཉམས་རྒུད་སོལ་གྱུར་ཅིག །མཐུ་སྟོབས་གཟི་བརྗིད་རྒྱས་གྱུར་ཅིག །ཐུགས་དང་འགལ་བ་ཐམས་ཅད་བཤགས། །མི་དང་ལྷ་གཉིས་མི་འབྲལ་བ། །རྟག་ཏུ་སྲུང་སྐྱོབ་ཁ་འཛིན་མཛོད། །མི་འཕེལ་རྟ་ཧྲག་དངོས་གྲུབ་སྩོལ། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །གཞི་ལ་འདུག་ན་རྒྱབ་རྟེན་མཛོད། །བྱེས་སུ་འགྲོ་ན་ལམ་ལྷ་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །དཔའ་བའི་རུ་དར་ཁྱེད་ལ་རེ། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །དགྲ་ཕམ་ཟུན་རྒྱལ་ཁྱེད་ལ་རེ། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །རྒྱལ་ཁ་ཤག་ཁ་ཁྱེད་ལ་རེ། །སྨྲ་མཆུ་ཤག་གི་ལྕེ་
བདེ་རེ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བསང་མགྲོན་ལྷ་ཚོགས་ཐམས་ཅད་རྣམས། །གཤེགས་དང་བཞུགས་པ་གང་དགྱེས་མཛོད། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །འདི་ལྟར་བསངས་མཆོད་བྱས་པ་ཡིས། །ཚེ་འདིར་བདེ་སྐྱིད་ཕུན་ཚོགས་ཤིང་། །ཕྱི་མ་བདེ་ཆེན་ཞིང་བགྲོད་ཤོག །ཅེས་རྒྱུན་བསང་དང་ཐབ་བསང་དང་ལམ་བསང་གང་བྱེད་ཀྱང་། ཕྱེ་མར་འབྲུ་སྣ་ཤིང་རྩི་ཐབ་ཀའི་ནང་དུ་བཏབ། ཇ་ཕུད་སོགས་བྲན་ནས་བཏོན་པས་ཆོག་སྟེ། འདི་ཁོ་ན་བཏོན་པས་ཆ་ཚང་བས། བསངས་བྱས་པ་ལ་སྦྱར་ན་གཤེགས་གསོལ་ཤོ་ལོ་ཀ་གཅིག་དེ་བསྐྱུར་བར་བྱའོ། །ཞེས་དཔོན་ལྷ་རྒོད་རྒྱལ་གྱིས་བསྐུལ་ནས། ༧ རཱ་ག་ཨ་སྱས་འཕྲལ་དུ་ཞུན་མར་ངོགས་ནས་བྲིས། ༧ ཆགས་མེད་རིན་པོ་ཆེའི་ཕྱག་བྲིས་རྙིང་པ་ཞིག་ལས་མ་འཁྲུལ་དག་པར་ཞལ་བཤུས། སརྦ་མངྒ་ལཾ།། །།