ཁམས་གསུམ་དབང་སྡུད་ཀྱི་བསང་མཆོད་བྱིན་རླབས་དངོས་གྲུབ་གཟི་འབར།
ཁམས་གསུམ་དབང་སྡུད་ཀྱི་བསང་མཆོད་བྱིན་རླབས་དངོས་གྲུབ་གཟི་འབར་བཞུགས་སོ།།
ན་མོ་གུ་རུ་དྷེ་ཝ་ཀི་ནཱི་ཡེ་པཱ་ཤཾ་སིདྡྷི་ཧོཿ འདིར་རྣལ་འབྱོར་པ་གང་ཞིག་གིས་བླ་མའི་ཕྲིན་ལས་སྒྲུབ་པ་དང་། བསྟན་པའི་ཞབས་འདེགས་བདག་གི་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་སྤེལ་ཞིང་། སྦྱིན་བདག་ཚོགས་གཉིས་རྫོགས་པ་དང་། སྐྱེ་འགྲོ་རྣམས་སྣང་བ་ཆོས་ལ་འགྱུར་བའི་ཆེད་དུ། ཁམས་གསུམ་དབང་སྡུད་བསང་མཆོད་བྱ་བར་འདོད་པས་མན་ངག་ལྟར་གྱི་བསང་རྫ་ས་དབང་གི་རིལ་བུ་དང་སྦྱར་བའི་ཞིབ་མར་དྲི་བཟང་པོའི་ཞུགས་སུ་བསྲེགས། ལྷ་སྔགས་ཏིང་འཛིན་རྩེ་གཅིག་པའི་ངང་ནས་དབྱངས་སྙན་པོས་འདི་སྐད་དོ།། ན་མོ། པད་འབྱུང་སེང་གདོང་འཛམ་དམར་རིག་བྱེད་དམར། །བདག་སོགས་སྐྱབས་མཆི་བྱང་ཆུབ་སེམས་བསྐྱེད་དོ། །རང་ཉིད་སེང་གདོང་
དམར་མོ་ལྕགས་ཀྱུ་འཛིན། །སྤྱི་བོར་པདྨ་ཐོད་ཕྲེང་སྐུ་མདོག་དམར། །གསང་བར་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དམར། །སྙིང་ཁར་པཾ་ལ་རིག་སྔགས་གཡོན་དུ་འཁོར། །ཡེ་ནས་དམ་ཡེ་དབྱེར་མེད་ངོ་བོར་གསལ། །དྷི་ལས་དུ་བ་རྡོ་རྗེ་བདུག་སྤོས་མ། །ཁྲུས་བུམ་སྤོས་སྤྲིན་ནམ་མཁའི་མཛོད་འཛིན་མ། །དུད་པས་སངས་རྒྱས་ཞིང་ཀུན་ཁྱབ་པར་བསམ། །ཐུགས་ཀའི་ས་བོན་འོད་ཀྱིས་བསང་མགྲོན་རྣམས། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་པར་གྱུར། །བཛྲ་ས་དྷུ་བྷུ་པེ་ཧཱུྃ། ཀྱཻ། ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྐུ་མདོག་དམར། །འཇམ་
དབྱངས་དམར་པོ་དབྱངས་ཅན་དམར་མོ་དང་། །རྡོ་རྗེ་ཕག་མོ་མཁའ་འགྲོ་སེང་གདོང་མ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །དཔའ་བོ་རྟ་མགྲིན་ཡེ་ཤེས་འཇིག་རྟེན་གྱི། །དཔའ་བོ་མཁའ་འགྲོ་ཤུགས་འགྲོ་འཁོར་བཅས་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །རྣམ་སྲས་མདུང་དམར་ཡབ་ཡུམ་འཁོར་དང་བཅས། །མ་ནིང་གསུང་མགོན་ཁམས་གསུམ་དབང་སྡུད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །སྨུག་འཛིན་དམར་པོ་ཀུ་རུ་ཀུལླེ་མ། །ཚོགས་བདག་དམར་པོ་སྤྲུལ་པ་སྤྲེལ་གདོང་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཁམས་གསུམ་དབང་སྡུད་དབང་ཕྱུག་རླུང་ཞགས་ཅན། །དེ་ཡི་ཡུམ་གཅིག་ལྷོ་མོ་ཨུ་མ་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ལྷ་ཀླུ་མི་དང་སྐྱེས་པ་བུད་མེད་སོགས། །ཐམས་ཅད་མ་
ལུས་དབང་དུ་འདུ་བར་མཛོད། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ལྷ་མོ་སྐུལ་བྱེད་མ་དང་ལག་བསྒུལ་མ། །ཟས་སྦྱིན་ནོར་དབྱིག་དབྱུག་གུ་མཆེད་གསུམ་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཟས་ནོར་དབྱིག་དང་གསེར་དངུལ་རྟ་གླང་སོགས། །མོས་པ་རྣམས་བཞི་དབང་དུ་སྡུད་པར་མཛོད། །དམ་ཅན་རྡོ་ལེགས་ཨ་ཇོ་ཆེན་པོ་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་བཅས་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །མི་སྙིང་མི་ལག་བསྒུལ་བསྐུལ་མི་འགྲམ་ཁྱོག །མི་སེམས་བསླུས་བསླུས་འདོད་དགུ་དབང་དུ་སྡུས། །དགྲ་བླ་པེ་ཧར་མཆེད་ལྔ་སྤྲུལ་པ་ལྔ། །ཡབ་ཡུམ་ནང་བློན་བྲན་འཁོར་ཕོ་ཉའི་ཚོགས། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཁམས་གསུམ་སྐྱེ་འགྲོ་སྐྱེས་པ་བུད་མེད་སོགས། །མོས་པ་རྣམ་བཞིས་དབང་དུ་སྡུད་པ་དང་། །དཀོར་
ནོར་འདོད་དགུ་ཆར་བཞིན་འབེབས་པར་མཛོད། །རྨ་རྒྱལ་སྤོམ་ར་སྐུ་རྒྱལ་ངོམ་རྒྱལ་དང་། །སྐྱོགས་ཆེན་གདོང་ར་འབྲི་རྒྱལ་གོ་རྒྱལ་དང་། །ཐང་ལྷ་རྡོ་ཐི་གངས་དཀར་ལ་སོགས་པ། །འཛམ་གླིང་ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཁྱད་པར་ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཡུལ་ལྷ་སོ་སོའི་མཚན་སྦྱར། ལྷ་ཀླུ་ས་བདག་དགེ་བསྙེན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཡུལ་འདིར་འཁོད་པའི་བླ་མ་རྒྱལ་བློན་འབངས། །སྐྱེས་པ་བུད་མེད་སེར་སྐྱ་ལྷ་འདྲེ་རྣམས། །བདག་གིས་དབང་དུ་སྡུད་པའི་སྡོང་གྲོགས་མཛོད། །ཁྱེད་རྣམས་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །བླ་མ་རྒྱལ་བློན་སྐྱེས་པ་བུད་མེད་སོགས། །རྟ་གླང་གསེར་དངུལ་ཟས་གོས་རྒྱན་ཡོ་བྱད། །རིན་ཆེན་ཇ་དར་སྣམ་རས་འབྲུ་མར་སོགས། །ཁྱད་པར་དམིགས་པར་བྱ་བའི་དངོས་པོ་རྣམས། །སྐད་ཅིག་ཙམ་གྱིས་དབང་དུ་འདུ་བ་དང་། །སྙིང་ལག་བསྒུལ་ཞིང་ལུས་སེམས་རབ་ཏུ་གཡོས། །བརྩེ་
གདུང་གུས་སོགས་འབྲལ་མི་ཕོད་པ་རུ། །མྱུར་བ་ཉིད་དུ་དབང་དུ་བསྡུས་ནས་ཀྱང་། །བླ་མེད་སངས་རྒྱས་ས་ལ་འགོད་ནུས་མཛོད། །ན་མོ་བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དབང་གི་ལྷ་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ཅེས་བསང་ཡིག་དགོས་འདོད་ཀུན་འབྱུང་འདི། དགོས་འདོད་ནོར་བུ་སྐོར་གསུམ་དང་། གྲྭ་པ་མངོན་ཤེས་ཅན་གྱི་སྨུག་འཛིན་སྒྲུབ་ཐབས་དང་།རཏྣ་གླིང་པའི་མདུང་དམར་ཅན་དང་།དབང་གི་རིགས་དང་ཆོས་སྐྱོང་དགྲ་བླ་ཐམས་ཅད་ཀྱི་བསང་བསྡུས་ཏེ། རང་གི་བུ་སློབ་འགའ་འབུལ་སྡུད་ལ་འགྲོ་སྐབས་སུ་༧ ཀརྨ་ཨ་རཱ་གས་སྦྱར་བའོ། །སརྦ་མངྒ་ལཾ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།