Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གེ་སར་གྱི་བསང་མཆོད་དགྲ་བླ་དགྱེས་བྱེད་བདུད་རྩིའི་ཐིགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགེ་སར་གྱི་བསང་མཆོད་དགྲ་བླ་དགྱེས་བྱེད་བདུད་རྩིའི་ཐིགས་པ།next

གེ་སར་གྱི་བསང་མཆོད་དགྲ་བླ་དགྱེས་བྱེད་བདུད་རྩིའི་ཐིགས་པ།


CMR037_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་གྱི་བསང་མཆོད་དགྲ་བླ་དགྱེས་བྱེད་བདུད་རྩིའི་ཐིགས་པ་བཞུགས་སོ།། ཀྱཻ། ལྷ་ཀི་ཀི་ཀི་ལ་བསྲོ་བསྲོ་བསྲོ། །གེ་མཛོ་གཉེན་གྱི་སྤྲུལ་པ་སྟེ། །ཁྲོམ་གེ་སར་དམག་གི་སྤྲུལ་པ་ནི། །ཉི་མའི་རྨོག་ཞུ་དབུ་ལ་གསོལ། །སྐར་མི་ཁྲབ་ཆུང་ལུས་ལ་གྱོན། །ཟླ་བའི་ཕུབ་མོ་རྒྱབ་ན་ཁུར། །བདུད་གཅོད་རལ་གྲི་གཡས་ན་ཕྱར། །ཆིབས་སུ་རྐྱང་རྒོད་འཕེལ་པོ་ཆིབས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །གེ་སར་དམག་གི་རྒྱལ་པོ་ནི། །སྔོན་ཡང་བསང་མཆོད་ཕུལ་བ་ལྟར། །དེ་རིང་བདག་གིས་སྤྱན་འདྲེན་ནོ། །ཁྱེད་ལ་བསང་མཆོད་འབུལ་བ་ནི། །ཕྱེ་མར་ཟས་ཕུད་གསེར་སྐྱེམས་དང་། །ཤིང་བདུད་རྩི་ཅན་གྱི་དུད་པས་བསང་། །ཀྱཻ། མྱེས་པོ་གཉན་བྲག་དམར་པོ་བསང་། །སྲིང་མོ་ཀླུ་མོ་སྔོན་མོ་བསང་། །ཡང་མྱེས་པ་ཡི་ཏི་ཚེ་བསང་། །ཡུམ་ནི་ཀླུ་མོ་དཀར་མོ་བསང་། །ཕུ་བོ་དུང་ཁྱུང་དཀར་པོ་བསང་། །ནུ་བོ་ཀླུ་སྦལ་འོད་ཆེན་བསང་། །སྲིང་ལྕམ་ཐེ་རེ་འོད་འཕྲོ་བསང་། །དགྲ་བླ་ཤ་ར་གཡུ་རྩེ་བསང་། །སྐུ་ལྷ་ཁྱུང་འཛིན་ངང་སྐྱ་བསང་། །ཟོ་དོར་ལྷ་འབོད་རང་ཕུབ་བསང་། །འོག་རྟ་ཕ་བོང་དྲེལ་དཀར་བསང་། །ཕོ་ཉ་


CMR037_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གད་པ་སྐྱ་རིང་བསང་། །ཟོ་དོར་རྒྱ་སྟག་དམར་པོ་བསང་། །རྒྱུག་རོག་སྤྱང་ཐོང་སྔོན་མོ་བསང་། །འཛིན་རོག་གླེག་མོ་མཁར་དཀར་བསང་། །བླ་ཤིང་ཤུག་གུ་ཁེར་སྐྱེ་བསང་། །བླ་ཆུ་ཆུ་མིག་ནག་རིང་བསང་། །བླ་བྲག་དཔལ་བྲག་དམར་པོ་བསང་། །གཡས་ཀྱི་བྲག་དཀར་ངང་ཡག་བསང་། །གཡོན་གྱི་བྲག་དམར་ཁྱུང་འདྲ་བསང་། །ཕ་ཞང་རྨ་རྒྱལ་སྤོམ་ར་བསང་། །མ་ཞང་འབྲི་ཆེན་རྡོ་ངུར་བསང་། །བུ་རྫི་གནམ་སྨན་དཀར་མོ་བསང་། །སྐེད་ལ་རྣོ་མཚོན་ཐོགས་པའི་དགྲ་བླ་བསང་། །ལུས་ལ་གོ་ཁྲབ་གྱོན་པའི་དགྲ་བླ་བསང། །དམག་མི་ཐུབ་པའི་དགྲ་བླ་བསང་། །ཇག་གཡག་གཙང་སེ་དམར་པོ་བསང་། །ནོར་ཐོབ་ཝེར་མའི་དམག་ཚོགས་བསང་། །རྫུ་འཕྲུལ་གེར་མཛོ་གཉན་པོ་བསང། །ཁྲོམ་གེ་སར་དམག་གི་རྒྱལ་པོ་བསང་། །གེ་མཛོ་གཉན་གྱིས་དམག་སྣ་དྲོངས། །གེ་སར་རྒྱལ་པོས་ཁ་འཛིན་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །དམག་ནི་གནང་འདོད་གནང་དང་སྤྱོད། །དམག་དཔོན་རྒྱལ་འདོད་རྒྱལ་དང་སྤྱོད། །རང་དང་དགྲ་གཉིས་དམག་འདྲེན་ན། །དགྲ་རྟ་མགྱོགས་པའི་དཔུང་པ་ཆིངས། །རང་རྟ་


CMR037_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་མའི་བང་སྣ་ཁྲིད། །རང་མཚོན་ངར་མའི་ངར་ཆུ་ལུད། །དགྲ་མཚོན་ངར་མ་རྡོ་ལ་རྒྱོབ། །བསང་ངོ་གེ་མཛོ་གཉེན་པོ་བསང་། །མཆོད་དོ་གེ་མཛོ་གཉེན་པོ་མཆོད། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །ཇག་པ་རྟ་འདེད་རྟ་དང་སྤྱོད། །བསང་ངོ་གེ་མཛོ་གཉེན་པོ་བསང་། །མཆོད་དོ་གེ་མཛོ་གཉེན་པོ་མཆོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ཚོང་པ་ནས་འདོད་ནས་དང་སྤྱོད། །བསང་ངོ་གེ་མཛོ་གཉེན་པོ་བསང་། །མཆོད་དོ་གེ་མཇོ་གཉེན་པོ་མཆོད། །ལྷ་ཁྱོད་འབོད་ན་ཀི་དང་བསྲོ་ཡིས་འབོད། །གཡབ་ནི་མདའ་དང་དར་གྱིས་གཡབ། །བརྟེན་ནི་གོ་དང་ཕུབ་ལ་བརྟེན། །བཟུང་ནི་དཔའ་མདུང་མཚམས་རིང་བཟུང་། །ཕྱར་ནི་དར་དཀར་གོང་བ་ཕྱིར། །རྟ་དང་གཡག་གིས་དཔའ་དར་བསྐྱེད། །སྦ་དང་སྙུག་མས་སྐུ་ལུས་བརྟན། །ལྷ་ཆབ་དཀར་མོས་སྐུ་ཁྲུས་གསོལ། །ཤིང་བདུད་རྩི་ཅན་གྱི་དུད་པས་བསང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །དཔའ་དར་དཀར་པོས་དགྲ་བླ་མཆོད། །བྱེས་སུ་སྐྱེས་པའི་སྲུང་མ་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྔོན་ནས་སུས་ལ་རྒྱབ་ནས་


CMR037_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོལ། །གོ་ལ་སྲུངས་ལ་མཚོན་ལ་སྐྱོབས། །ཡག་ལ་སྤྱོད་ལ་ཉེས་དང་ཕྱེས། །བཟང་དང་སྤྱོད་ལ་ཉེས་དང་ཕྱེས། །རྐྱེན་དང་ཕྱི་ནང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཀི་བསྲོ་ཆའོ་ལྷ་རྒྱལ་ལོ། །གེ་མཛོ་གཉེན་གྱི་དབུ་འཕང་བསྟོད། །ཀྱཻ། ཁྱུང་ལྡིང་དབང་ཆེན་ལ་སོགས་པའི། །མཐོན་པོ་དགུང་གི་དགྲ་བླ་བསང་། །བ་གླང་གསེར་གྱི་སྣ་ཐག་ཅན། །བར་སྣང་གང་བའི་དགྲ་བླ་བསང་། །རུས་སྦལ་གསེར་གྱི་ཐིག་ལེ་ཅན། །དོང་མོ་བརྟན་པའི་དགྲ་བླ་བསང་། །ཤར་ཕྱོགས་གླིང་གི་དགྲ་བླ་བསང། །དུང་སེང་གཡུ་ཡི་རལ་པ་ཅན། །དཔའ་རྩལ་ཅན་གྱི་དགྲ་བླ་བསང་། །ལྷོ་ཕྱོགས་གླིང་གི་དགྲ་བླ་བསང་། །གཡུ་འབྲུག་ཟངས་ཀྱི་བྱེ་བ་ཅན། །སྐད་སྙན་ཐོས་པའི་དགྲ་བླ་བསང་། །ནུབ་ཕྱོགས་གླིང་གི་དགྲ་བློ་བསང་། །བ་གླང་གསེར་གྱི་སྣ་ཐག་ཅན། །བར་སྣང་གང་བའི་ས་བདག་བསང་། །བྱང་ཕྱོགས་གླིང་གི་དགྲ་བླ་བསང་། །བྱ་རོག་གཡུ་ཡི་སྐེ་ཚར་ཅན། །ངོ་མཚར་ཅན་གྱི་དགྲ་བླ་བསང་། །རྒྱ་སྟག་དམར་པོ་མཚལ་གྱི་རི་མོ་ཅན། །དཔའ་ཡང་རྩལ་ཅན་གྱི་དགྲ་བླ་བསང་། །རྟ་ཕོ་མགྱོགས་པའི་


CMR037_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་བསང་། །མདའ་ཉག་ཕྲན་སྐྱེན་པའི་དགྲ་བླ་བསང་། །ཁ་ཕོ་ཆེ་བའི་དགྲ་བླ་བསང་། །རླུང་ཁ་ལེན་པའི་དགྲ་བླ་བསང་། །ཁ་ཤག་ལོན་པའི་དགྲ་བླ་བསང་། །ཕོ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །དགྲ་བླ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཝེར་མ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཅང་ཤེས་མ་རྨུགས་མ་འཐིབས་བསང་གིས་མཆོད། །རྟ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །མཛོ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །འབྲི་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ལུག་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཁྱིམ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཐབ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ལྷ་ཀི་ཀི་ཀི་ལ་བསྲོ་བསྲོ་བསྲོ། །གེ་མཛོད་གཉེན་གྱི་དམག་འདྲེན་དུས། །སྡང་བའི་དགྲ་ལ་འཁྲོས་པའི་ཚེ། །ཉི་མའི་རྨོག་ཞུ་དབུ་ལ་གསོལ། །སྐར་མའི་ཁྲབ་དཀར་ལུས་ལ་གྱོན། །གཟའ་རྒོད་གདུག་པའི་མདའ་གཅིག་བཏང་། །མྱུར་མགྱོགས་རླུང་གི་རྟ་ལ་ཞོན། །རྒྱུག་རྒྱུག་རྒྱུག་ལ་དགྲ་ལ་རྒྱུག །ཆོས་ཆོས་ཆོས་ལ་དགྲ་ལ་


CMR037_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །དགྲ་བོ་མི་མགྱོགས་རྟ་མགྱོགས་ཀྱི། །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །ཟ་ཟི་མ་ཆུང་ཁམས་མ་ཆུང་། །དགྲ་ཡི་མར་དཀར་སྤུ་ལུ་དེ། །དེ་རིང་ཡོན་མཆོད་གར་སོང་བའི། །ཁ་དེར་མྱུར་དུ་འགྲིལ་བར་མཛོད། །སྐྱེས་བུའི་རྒྱུན་བསང་ཁུ་ཡེའི་གོང་དུ་འདོན་དགོས། དེ་ནས་ཁ་འཛིན་ཁུ་ཡེ་གཤེགས་གསོལ་གཞུང་བཞིན་བྱེད་དགོས་ཞེས་༧ ཨ་རཱ་གས་སོ། །སརྦ་མངྒ་ལཾ།། ༈ འདིའི་ལུང་རྒྱུན། ཀརྨ་བསྟན་འཛིན་ཕྲིན་ལས། འབྲོང་དཔོན་བསོད་ནམས་རབ་བརྟན། དཀོན་མཆོག་བརྟན་བཟང་། དེས་བདག་སྨུག་པོ་གདོང་གི་བརྗེ་ལའོ།།


previousགེ་སར་གྱི་བསང་མཆོད་དགྲ་བླ་དགྱེས་བྱེད་བདུད་རྩིའི་ཐིགས་པ།next