Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགྲ་བླའི་དཔའ་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགྲ་བླའི་དཔའ་བསང་།next

དགྲ་བླའི་དཔའ་བསང་།


CMR037_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགྲ་བླའི་དཔའ་བསང་བྱ་བ་ནི། ཕུད་རྣམས་མཆོད། ཕྱེ་མར་བསྲེགས། མདའ་གཞུ་དང་གོ་ཆ་གྱོན་ལ་བསང་ཁང་གཡས་བསྐོར་དུ། ཀྱཻ། དགྲ་བླའི་སྐུ་མཁར་རྫོང་རྩ་ན། །རྨིང་གཞི་སྲ་བ་ལྕགས་ལས་བྱས། །ལོགས་བཞི་རིན་ཆེན་གསེར་ལས་བྱས། །ཁ་བད་སྔོན་པོ་གཡུ་ལས་བྱས། །གསེར་གྱི་སྐས་ཆེན་ལྡེམས་སེ་ལྡེམ། །བྱི་རུའི་སྒོ་མོ་ཁྲིགས་སེ་ཁྲིག །སྐུ་མཁར་དེ་ཡི་མདངས་གསོལ་བ། །དགྲ་བླའི་ལྷ་ཚོགས་དེ་ནས་བྱུང་། །མཆོད་ཅིང་དགྲ་བླ་དེ་རུ་མཆོད། །སྲིད་པ་ཆགས་པའི་དགྲ་བླ་བསང་། །འབྱུང་བ་རླུང་གི་དགྲ་བླ་བསང་། །སྨོན་པ་འགྲུབ་པའི་དགྲ་བླ་བསང་། །གླིང་བཞི་དར་བའི་དགྲ་བླ་བསང་། །དཔའ་སྙིང་ཆེ་བའི་དགྲ་བླ་བསང་། །མྱུར་མགྱོགས་ཆེ་བའི་དགྲ་བླ་བསང་། །སྲིད་པའི་ལྷ་ལུང་དཀར་པོ་བསང་། །སྨོན་པའི་རྫི་ལུང་འཕྱོ་བ་དགྲ་བླ་བསང་། །འོད་ཟེར་མི་རྟ་ཆ་བརྒྱད་བསང་། །བྱེས་ཀྱི་དགྲ་བླ་སྤུན་གསུམ་བསང་། །ཕྱི་རབས་རྒྱུད་ཀྱི་དགྲ་བླ་བསང་། །སྔ་རབས་རྒྱུད་ཀྱི་དགྲ་བླ་བསང་། །རྨུ་རབས་རྒྱུད་ཀྱི་དགྲ་བླ་བསང་། །གཙུག་རབས་རྒྱུད་ཀྱི་དགྲ་བླ་བསང་། །གདོང་གི་གདོང་ལྷ་སྨུག་པོ་བསང་། །


CMR037_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དབྲ་ཡི་དབྲ་མོ་ར་ཁྲ་བསང་། །འགྲུ་ཡི་འགྲུ་མོ་ཁྲོམ་ཁྲོམ་བསང་། །སྒྲ་ཡི་སྒྲ་མོ་ལེགས་ཕྲོམ་བསང་། །དབལ་ཟླ་གཉིས་ཀྱི་དགྲ་བླ་བསང་། །དགྲ་བླའི་བྲ་མ་མཆེད་དགུ་བསང། །བྲོས་ན་ཐར་བའི་དགྲ་བླ་བསང་། །བལྟས་ན་ཟས་པའི་དགྲ་བླ་བསང་། །དཔའི་ཁ་རྒྱལ་བའི་དགྲ་བླ་བསང་། །བཟང་ཁ་ཡག་བྱེད་དགྲ་བླ་བསང་། །མི་ཕོ་དཔའ་བའི་དགྲ་བླ་བསང་། །རྟ་ཕོ་མགྱོགས་པའི་དགྲ་བླ་བསང་། །ཀྱཻ། རྟེན་བཙུགས་རྣམས་ལ་བརྟེན་པ་ནི། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །དགུང་ལ་ཉི་ཟླ་ཤར་བ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །གངས་དང་སེང་གེ་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །བྲག་དང་ཐང་དཀར་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །སྤང་ལ་ཤ་རྐྱང་འགྲོགས་པ་བཞིན། །དགྲ་བླ་


CMR037_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །འཛམ་གླིང་ལོ་ཏོག་རྒྱས་པར་ཤོག །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མཁར་ལ་གཡུ་འོད་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་བཞིན་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །གཞུ་ལ་གྲོ་བས་གཡོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མཚོ་ལ་ཉ་མོ་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །སྐྱེས་བུ་གོ་ཆས་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །རྟ་མཆོག་དར་སྣས་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །རྨོག་ལ་རྒོད་འཕྲུ་བཙུགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །ཁྲབ་ལ་དར་ཕོན་བརྒྱན་བ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །


CMR037_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་མི་དང་མ་འབྲལ་ཅིག །ཕུབ་ལ་རྔ་ཞོལ་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མདུང་ལ་བ་དན་བཏགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མདའ་མོ་སྒྲོ་མཚལ་སྒྲོན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །དགྲ་བླ་གཉེན་པོ་བསྟོད་པའི་བྱིན་རླབས་ཀྱིས། །རྟ་རྒྱུག་དཔུང་པ་མ་འབུད་ཅིག །རྨོག་ཞུ་མགོ་ནས་མ་བྲུལ་ཞིག །ཁྲབ་ཀྱི་རྒྱུན་ཐག་མ་ཆད་ཅིག །མདའ་མོ་ལྟོང་ནས་མ་གས་ཤིག །མདུང་མོ་སྐེད་ནས་མ་ཆག་ཅིག །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྔར་ཡི་གེ་མེད་པ་ལ་དགོས་པ་ཞིག་བྱུང་དུས། ༧ དགེ་སློང་ཀརྨ་ཆགས་མེད་ཀྱིས་སྦྱར་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། །།


previousདགྲ་བླའི་དཔའ་བསང་།next