Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་རིང་གཏོར་ཁུ་བཙུགས་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་རིང་གཏོར་ཁུ་བཙུགས་ཐབས།next

ཚེ་རིང་གཏོར་ཁུ་བཙུགས་ཐབས།


CMR037_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་གཏོར་ཁུ་བཙུགས་ཐབས་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR037_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤི་ཡེ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་དང་སྲུང་མའི་ངོ་སོ་བསྟོད་པ་དང་། །ཡུལ་ལྷ་གཞི་བདག་མཉེས་པར་བྱ་བ་དང་། །མི་ནོར་ལོངས་སྤྱོད་འཕེལ་ཞིང་རྒྱས་པ་དང་། །དགྲ་ངོ་མདུན་ངོ་ལ་སོགས་ཞི་བའི་ཕྱིར། །ཚེ་རིང་གཏོར་སྐུ་བཙུགས་ཐབས་འདིར་བརྗོད་བྱ། །ཁང་པའི་སྟེང་ཕྱོགས་ས་དཔལ་བཟང་ངོས་སུ། །ས་རྡོ་གཙང་མས་ཟླུམ་པོ་དྲིལ་བུའི་དབྱིབས། །ལེགས་པར་བརྩེགས་ལ་ཞ་ལ་ས་དཀར་གསོལ། །དེ་ནང་རིབ་ནི་རིན་ཆེན་བུམ་པའང་། །རྫ་བུམ་དཀར་ཡོལ་ལ་སོགས་སྣོད་གཙང་ནི། །གས་ཆག་མེད་པ་ལྔ་ཕྲག་ཉེར་ལྔ་དང་། །རིན་ཆེན་དར་ཟབ་འབྲུ་སྣ་མང་པོ་དང་། །ཁྱད་པར་དུང་དང་མགྲོན་བུ་མུ་ཏིག་དང་། །ཉ་ཕྱེས་བྱི་རུ་བཻཌཱུརྱ་སོགས་


CMR037_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་། །ཚེ་གཟུངས་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་། ༈ ཨེ་ག་ག་ན་དེ་ཝི་སྭ་ཧཱ། ཡཾ་ཝ་ཡ་ཝ་དེ་ཝི་སྭ་ཧཱ།རཾ་ཨཀྵེ་དེ་ཝི་སྭཱ་ཧཱ། ཁཾ་ས་ཎི་དེ་ཝི་སྭ་ཧཱ། ལཾ་ཐུ་མི་དེ་ཝི་སྭ་ཧཱ། ས་ཡི་ལྷ་མོ་འབྱུང་བ་ལྔ་ཡི་སྔགས། །ནོར་ལྷ་གཏེར་བདག་སྙིང་པོ་བྲིས་ལ་བཅུག །ཁ་ཆོད་ལེགས་བསྡམས་ཆུ་མི་འགྲོ་བར་བྱ། །གཞན་ཡང་ལྷ་འདྲེ་ཡུལ་ལྷ་གཉེན་པོ་ཡི། །ས་རྡེལ་རྡོ་རྡེལ་ཀུན་ཀྱང་དེ་རུ་བཞག །སྟེང་ན་སྲོག་ཤིང་ཚུལ་དུ་ཤུག་པ་དང་། །བཟང་ཤིང་སྣ་ཚོགས་དར་ཚོན་བལ་གྱིས་བརྒྱན། །གཏོར་ཁུའི་དངོས་ལ་ཉི་ཟླ་ནོར་བུ་དང་། །ཁྱུང་འབྲུག་སེང་གསུམ་བཀྲ་ཤིས་རྟགས་བརྒྱད་སོགས། །རྒྱབ་སོགས་བཀྲ་ཤིས་སྨོན་ལམ་འདོད་གསོལ་བྲི། །མདའ་དར་མདུང་ཁྲ་གྲི་ཁྲབ་རྣམས་ཀྱང་


CMR037_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། །མཁར་སྒོང་སྲིན་མེད་ལེགས་ཤིང་ཆེ་བ་དང་། །འབྲས་ཀྱི་གཡག་ལུག་ར་གསུམ་བཅས་ལ་བཞག །ཞི་བརྔན་བསང་གསུམ་གང་རུང་ཚར་བའི་རྗེས། །ཁུ་ཡེའི་གོང་དུ་འདི་ཉིད་འདོན་པར་བྱ། །དེ་ནས་གཏོར་ཁུ་ཆབ་དང་ཕུད་ཀྱིས་བྲན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །རིན་ཆེན་གཞལ་ཡས་གྲུ་བཞི་སྒོ་བཞི་པ། །དེ་ནང་རིན་ཆེན་ཁྲི་སྟེང་པད་ཟླ་ལ། །དྷཱི༔ལས་བྱུང་བའི་འཇམ་དཔལ་གསེར་གྱི་མདོག །རལ་གྲི་པོ་ཏི་བསྣམས་ནས་སྐྱིལ་ཀྲུང་བཞུགས། །མཚན་དཔེའི་རབ་རྒྱན་རིན་ཆེན་བརྒྱན་གྱིས་མཛེས། །དེ་ཡི་གཡས་སུ་འཕགས་པ་སྤྱན་རས་གཟིགས། །རྒྱབ་ཏུ་གསང་བདག་གཡོན་དུ་ཤཱཀྱ་ཐུབ། །སྟེང་གི་ཆ་ལ་དྲུག་པ་རྡོ་རྗེ་འཆང་། །བཀའ་བརྒྱུད་བླ་མ་སྤྲིན་ཚོགས་བཞིན་དུ་གཏིབས། །བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས་དང་། །འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས། །འཇམ་དཔལ་མདུན་དུ་ས་བདག་དབང་ཆེན་ནི། །ཤི་བྷ་དྲ་ཞལ་གཅིག་ཕྱག་བཞི་སེར། །དང་པོ་ཐལ་སྦྱར་སྐུ་སྨད་སྦྲུལ་དུ་འཁྱིལ། །གཡས་གཡོན་ཐ་མས་ལྗོན་ཤིང་རི་རབ་འཛིན། །ར་བ་བཞི་ཡིས་དབུ་ལ་བརྒྱན་པའོ། །གཡས་སུ་


CMR037_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་མཆོག་ས་འཛིན་ལག་པ་ཆེ། །གཡོན་དུ་བཙུན་མོ་ལྷ་མོ་བརྟན་མ་དང་། །མདུན་དུ་ཡུལ་འདིས་ས་བདག་ཆེན་པོ་སྟེ། །ཕྱི་རོལ་འབྱུང་བ་དུས་བཞི་སྤར་སྨེ་དང། །ལོ་སྐོར་བཅུ་གཉིས་རྒྱལ་བློན་བཅུ་བདུན་པོ། །ལོ་རྒན་དྲུག་ཅུ་དཔལ་མགོན་བདུན་ཅུ་གཉིས། །དགྲ་བླ་ཝེར་མ་ཕ་མཚུན་མ་མཚུན་ཚོགས། །སྐྱོབ་པའི་ལྷ་ལྔ་བརྟན་པའི་ལྷ་དགུ་དང་། །མགོན་སྐྱོབ་སྡོང་གྲོགས་བྱེད་པའི་ལྷ་སྲུང་རྣམས། །ཏིལ་གྱི་གོང་བུ་ཁ་ཕྱེས་ལྟ་བུར་བཞུགས། །སྒོ་བཞིར་སྟག་སྐྱ་གཡུ་འབྲུག་བྱ་དམར་དང་། །རུས་སྦལ་རྒྱ་བོ་སྒོ་སྲུང་ཚུལ་དུ་གནས། །ཕྱི་ཁྱམས་འདོད་ཡོན་སྣ་ཚོགས་མཆོད་སྤྲིན་གཏིབས། །ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །མིང་ཡིག་དང་པོའི་མཚན་ལས་འོད་ཟེར་འཕྲོས། །འཕགས་པ་འཇམ་དཔལ་འབྱུང་བའི་ལྷ་ཚོགས་དང་། །འཇིག་རྟེན་སྐྱོང་བ་དང་བཅས་སྤྱན་དྲངས་གྱུར། །བཛྲ་ས་མ་ཡ་ཛཿ ཀྱཻ། དེ་རིང་གནམ་ལ་སྐར་མ་བཟང། །ས་ལ་དུས་ཚོད་དགེ་བ་ཡིན། །བཀྲ་ཤིས་གདུགས་ཀྱི་སྔ་དྲོ་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མགོན་སྐྱབས་བྱེད་


CMR037_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་སྲུང་ལ། །ཕྱི་དང་ནང་གི་རྟེན་བཙུགས་ན། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷའི་ཚོགས་དང་བཅས། །གཙུག་ལག་འབྱུང་བའི་ལྷ་ཚོགས་དང་། །འཇིག་རྟེན་སྐྱོང་བའི་ཐམས་ཅད་དང་། །འགོ་ཞིང་སྡོང་གྲོགས་བྱེད་པ་རྣམས། །རྟེན་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཆོས་སྐྱོང་སྲུང་མ་རྟེན་ལ་བྱོན། །འདིར་ཆོས་སྐྱོང་གང་དགོས་སྦྱར། ཕོ་ལྷ་དགྲ་ལྷ་རྟེན་ལ་བྱོན། །ཚེ་ལྷ་སྲོག་ལྷ་རྟེན་ལ་བྱོན། །ཕ་མཚུན་མ་མཚུན་རྟེན་ལ་བྱོན། །སྟོང་ཆ་གསུམ་གཞི་བདག་རྟེན་ལ་བྱོན། །ཡུལ་ལྷ་ཟོ་དོར་རྟེན་ལ་བྱོན། །འདིར་ཡུལ་ལྷ་གང་དགོས་སྦྱར། མ་ལྷ་བུ་རྫི་རྟེན་ལ་བྱོན། །མཁར་ལྷ་ཞིང་ལྷ་རྟེན་ལ་བྱོན། །ནོར་ལྷ་གཏེར་བདག་རྟེན་ལ་བྱོན། །འདིར་ནོར་ལྷ་གང་དགོས་སྦྱར། ས་བདག་ཀླུ་གཉན་རྟེན་ལ་བྱོན། །ཁྱིམ་ལྷ་ཕུག་ལྷ་རྟེན་ལ་བྱོན། །མགོན་སྐྱོབས་སྡོང་གྲོགས་བྱེད་པ་རྣམས། །ཐམས་ཅད་མ་ལུས་རྟེན་ལ་བྱོན། །ཨོཾ་ཨཱརྱ་མཉྫ་ཤི་སརྦ་དེ་ཝ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་མགོན་པོ་འཇམ་པའི་དབྱངས། །འཇིག་རྟེན་འདས་དང་


CMR037_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདས་པ། །ལྷ་སྲུང་མགོན་བྱེད་ཁྱེད་རྣམས་ལ། །ཕྱི་དང་ནང་གི་རྟེན་འཛུགས་ན། །རྣལ་འབྱོར་བདག་ཅག་ཡོན་མཆོད་ལ། །རྟག་ཏུ་མགོན་སྐྱབས་མཛད་པའི་ཕྱིར། །རྟེན་འདི་རྣམས་ལ་རྟེན་ཆོས་ལ། །མཆོད་པའི་གནས་འདིར་བཞུགས་གསོལ། །ཨོཾ་ཨཱརྱ་མཉྫ་ཤྲཱི་སརྦ་དེ་ཝ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། པདྨ་ཀ་མ་ལཱ་ཡེ་ཧཱུྃ། སླར་ཡང་རིགས་ལྔ་སྤྱན་དྲངས་ནས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་ལུད་པ་ལས། །ཡེ་ཤེས་ལྷ་རྣམས་ཐམས་ཅད་ལ། །རང་རང་ཀྱི་བདག་པོ་དང་། །འཇིག་རྟེན་པ་རྣམས་ཐམས་ཅད་ལ། །འཇམ་པའི་དབྱངས་ཀྱིས་དབུ་བརྒྱན་གྱུར། །ཀྱཻ། དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །འཇིག་རྟེན་འདས་དང་མ་འདས་ཚོགས། །ས་བདག་ཀླུ་གཉན་ཐམས་ཅད་ལ། །དགོས་འདོད་ཆར་ལྟར་འབེབས་པ་ཡི། །ཟག་མེད་ལོངས་སྤྱོད་སྣ་ཚོགས་པ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟར། །ཐམས་ཅད་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་བཛྲ་སྤ་ར་ཎ་ཁཾ། རྒྱས་པར་སྤྲོ་ན་འདིར་སྔགས་དྲུག་ཕྱག་དྲུག་སྦྱར། ཀྱཻ། དགོས་འདོད་ཐམས་ཅད་འབྱུང་བ་ཡི། །


CMR037_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར་བུ་རིན་ཆེན་དང་། །གཟི་བརྗིད་འོད་འབར་གསེར་ཉི་དང་། །མུན་སེལ་སྒྲོན་མེ་དུང་ཟླ་དང་། །མཁའ་ལ་བཀྲག་ཕྱུག་སྐར་ཚོགས་དང་། །འོད་ཟེར་འཇའ་ར་སྣ་ཚོགས། །རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་བཟང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ་དང་། །མཆོག་གི་རྒྱལ་མཚན་འཁོར་། དོན་ཀུན་འགྲུབ་པའི་བཀྲ་ཤིས་བརྒྱད། །ཚེ་རིང་སྲ་བརྟན་མཆོད་རྫས་རྣམས། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱབས་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། དཔག་བསམ་ཤིང་གི་རྩེ་མོ་ན། །ནམ་མཁའ་ལྡིང་གི་བྱ་རྒྱལ་ཁྱུང་། །གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །སྤྱན་ལ་ཉི་ཟླའི་འོད་ཟེར་འཕྲོས། །གཤོག་པ་བར་སྣང་ཁམས་སུ་ཁྱབ། །ཁྱུང་གི་སྤྱི་གཙུག་ནོར་བུ་ལ། །དངོས་གྲུབ་སྣ་ཚོགས་ཆར་ལྟར་འབེབས། །རྭ་དང་མཆུ་


CMR037_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྡེར་ཐམས་ཅད་ལ། །གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོ། །སྟོབས་དང་ལྡན་པའི་བྱ་ཁྱུང་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱབས་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། ནམ་མཁའ་སྟོང་པའི་དབྱིངས་རུམ་ན། །གཡུ་འབྲུག་མེ་ཡི་ཟེ་བ་ཅན། །བར་སྣང་ཁམས་སུ་པགས་བཞི་བརྡལ། །སྤྲིན་དང་ཕྱོགས་མཚམས་རྣམས་སུ་རྒྱུག །གློག་གི་ལྕེ་ལ་ཐོག་གི་རྐང་། །འབྲུག་རུ་སྲིད་པའི་རྩེ་ལ་སླེབས། །འབྲུག་ལྕེ་བར་སྣང་ཁམས་སུ་ཁྱབ། །འབྲུག་སྐད་དྲག་པོས་ཀུན་ཏུ་ཁྱབ། །དུས་ཚོད་འཛིན་ཅིང་མཚམས་བཞིར་སྲུང་། །སྟོབས་དང་ལྡན་པའི་གཡུ་འབྲུག་འདི། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱོབ་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །


CMR037_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། གངས་རི་དཀར་པོའི་རྩེ་མོ་ནས། །སེམས་ཅན་ཀུན་གྱི་རྒྱལ་པོ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །ཤངས་ནི་ཁྲོ་གཉེར་དག་དང་ལྡན། །མཆེ་བ་ཟླ་བ་ཚེས་པ་འདྲ། །གཡུ་རལ་ཨག་ཚོམ་སྤྲིན་ལྟར་གཏིབས། །རྔ་མ་སྤྲིན་ཕུང་གཏིབས་པ་འདྲ། །མཐུ་ཆེན་སེང་གེའི་ངར་སྐད་ཀྱིས། །གནོད་བྱེད་མ་ལུས་རྡུལ་དུ་རློགས། །རྩལ་ཆེན་སེངྒེའི་སྟོབས་དང་ལྡན། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱབས་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། དགྲ་བླའི་མདུང་མོ་འཚམ་རིང་ལ། །བ་དན་དཀར་པོའི་ལྕེ་བརྒྱད་བཏགས། །ཉི་ཟླ་ནོར་བུ་གཡུང་དྲུང་དང་། །དཔའ་མཚན་སྟག་གཟིག་ཁ་སྤྲོད་དང་། །མཐུ་རྩལ་སྣ་ཚོགས་བཀོད་པ་འདི། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་


CMR037_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་རྣམས་ལ་འབུལ། །མགོན་སྐྱོབ་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང་། །འབྱུང་བ་ལྔ་ཡི་རྒྱུ་རྐྱེན་ལས། །ངོ་མཚར་རྨད་བྱུང་གཡུ་ཤུག་འདི། །ལོ་མ་འབྲས་སུ་དྲི་ངད་ལྡན། །བཀྲ་ཤིས་ཡ་མཚན་རྨད་དུ་ཆེ། །ལོ་འབྲས་སྣ་ཚོགས་ཐིབས་སེ་ཐིབ། །དྲི་བཟང་དུད་པ་ཕ་ལ་ལ། །དཔག་བསམ་ཤིང་དང་བྱང་ཆུབ་ཤིང་། །སྲ་བརྟན་རྡོ་རྗེ་ཕུར་པའི་ཤིང་། །དཀོན་མཆོག་གསུམ་པོའི་བྱིན་གྱིས་བརླབས། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །ལྷ་སྲིན་སྡེ་བརྒྱད་གནས་པའི་ཤིང་། །ཡོན་བདག་འཁོར་བཅས་སྐྱོབ་པའི་ཤིང་། །ངོ་མཚར་རྨད་བྱུང་ཤིང་མཆོག་དང་། །དར་ཚོན་སྣ་ལྔས་བརྒྱན་པ་འདི། །དཀོན་མཆོག་གསུམ་གྱི་རྟེན་དུ་འབུལ། །ཡི་དམ་ལྷ་ཚོགས་རྟེན་དུ་འབུལ། །ཆོས་སྐྱོང་སྲུང་མའི་རྟེན་དུ་བཙུགས། །འདིར་ཆོས་སྐྱོང་ནོར་ལྷ་ཐམས་ཅད་སྦྱར། །


CMR037_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷ་གཏེར་བདག་རྟེན་དུ་བཙུགས། །ཕོ་ལྷ་དགྲ་བླའི་རྟེན་དུ་བཙུགས། །མ་ལྷ་ཞང་ལྷའི་རྟེན་དུ་བཙུགས། །སྟོང་གསུམ་གཞི་བདག་རྟེན་དུ་བཙུགས། །ཡུལ་ལྷ་ཟོ་དོར་རྟེན་དུ་བཙུགས། །མ་ལྷ་བུ་རྫིའི་རྟེན་དུ་བཙུགས། །ས་བདག་ཀླུ་གཉན་རྟེན་དུ་བཙུགས། །ཚེ་ལྷ་སྲོག་ལྷའི་རྟེན་དུ་བཙུགས། །མཁར་ལྷ་ཞིང་ལྷའི་རྟེན་དུ་བཙུགས། །སྦྲ་ལྷ་རི་བོ་ལ་སོགས་པའི། །ལྷ་ཚོགས་མ་ལུས་རྟེན་དུ་བཙུགས། །འདིར་ཡུལ་ལྷ་གང་དགོས་སྦྱར། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། གཡུ་འབྲུག་མཚལ་གྱི་ཟེ་བ་ཅན། །སྨུག་པོ་གདོང་གི་ཕོ་ལྷ་ཡིན། །བརྟན་ཤིང་རྟེན་ལ་ཕོ་ལྷ་བཞུགས། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མགོན་སྐྱབས་མཛོད། །དགྲ་བླ་ཀརྨ་ལེགས་ཕྲོམ་འདི། །མི་བུ་སྒྲ་ཡི་ཕོ་ལྷ་ཡིན། །བརྟན་ཤིང་རྟེན་ལ་ཕོ་ལྷ་བཞུགས། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མགོན་སྐྱབས་མཛོད། །དགྲ་བླ་དུང་གཡག་དཀར་པོ་དེ། །མི་བུ་འབྲུ་ཡི་དགྲ་བླ་ཡིན། །མདའ་དང་བལ་ཚོན་རྟེན་ལ་འཁོར། །


CMR037_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་དུང་མི་དཀར་པོ་དེ། །མི་བུ་དབྲ་ཡི་དགྲ་བླ་ཡིན། །མདུང་དར་རྟེན་ལ་དགྲ་བླ་འཁོར། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་མཚལ་སྟག་དམར་པོ་འདི། །དབལ་ཟླ་གཉིས་ཀྱི་དགྲ་བླ་ཡིན། །བརྟན་ཤིང་རྟེན་ལ་ཕོ་ལྷ་བཞུགས། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །འོག་རྟ་མགྱོགས་པའི་ཁ་འཛིན་མཛོད། །དགྲ་བླ་ཀུན་ཐུབ་འཇིག་མེད་དེ། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་ཡིན། །བཟང་ཤིང་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་གཡུ་ཡི་ཁུ་བྱུག་ནི། །གཏམ་སྙན་ཐོས་པའི་དགྲ་བླ་ཡིན། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་གཡུ་ཡི་ནེ་ཚོ་ནི། །བུ་སྲིང་ཡོངས་ཀྱི་དགྲ་བླ་ཡིན། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་གསེར་སྦལ་སེར་པོ་འདི། །ཡུལ་མཁར་འཛིན་པའི་དགྲ་བླ་ཡིན། །བཟང་ཤིང་འདི་ལ་རྟེན་ཆོས་ལ། །ཡུལ་མཁར་


CMR037_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་དགྲ་བླ་མཛོད། །ཀྱཻ། དེ་རིང་ཚེ་རིང་གཏོར་སྐུ་བཙུགས། བཟང་ཤིང་སྣ་དགུའི་རྟེན་ཤིང་བཙུགས། །བདག་དང་ཡོན་བདག་འཁོར་བཅས་རྣམས། །མི་ན་ལུས་ཀྱི་རྟེན་ཕུར་བཙུགས། །མི་འཆི་སྲོག་གི་རྟེན་ཕུར་བཙུགས། །འཕེན་པོ་མི་ཡི་རྟེན་ཕུར་བཙུགས། །ཕྱུག་པོ་ནོར་གྱི་རྟེན་ཕུར་བཙུགས། །བསམ་པ་འགྲུབ་པའི་རྟེན་ཕུར་བཙུགས། །བཙན་ཕྱུག་འཕན་གསུམ་རྟེན་ཕུར་བཙུགས། །རིན་ཆེན་ལོ་ཐོག་རྟེན་ཕུར་བཙུགས། །ལྷ་མི་དཔལ་གསུམ་རྟེན་ཤིང་བཙུགས། །ཁྱུང་དཀར་མཛོ་ཡི་རྟེན་ཕུར་ཀློབཙུགས། །ཟལ་དཀར་འབྲི་ཡི་རྟེན་ཤིང་བཙུགས། །ཅང་ཤེས་རྟ་ཡི་རྟེན་ཤིང་བཙུགས། །གཡང་མོ་ལུག་གི་རྟེན་ཤིང་བཙུགས། །ཚེ་རེ་ར་ཡི་རྟེན་ཤིང་བཙུགས། ཁ་རྗེ་བརྟན་པའི་རྟེན་ཤིང་བཙུགས། །ཕ་ཚན་མི་འཐོར་རྟེན་ཤིང་བཙུགས། །ཁམས་གསུམ་དབང་སྡུད་རྟེན་ཤིང་བཙུགས། །དགོས་འདོད་ལྷུན་གྲུབ་རྟེན་ཤིང་བཙུགས། །རྟེན་ཤིང་འདི་རྣམས་མ་འབུད་ཅིག །ཚེ་སྲོག་དུར་ལ་མ་ཁྱེར་ཅིག །སྲོག་གི་རྟེན་ཕུར་མ་འབུད་ཅིག །ཚེ་ཡི་དམུ་དག་མ་ཆད་ཅིག །ལྷ་དང་སྲུང་མ་ཐམས་ཅད་ཀྱང་། །རྟེན་


CMR037_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འདི་ལ་རྟེན་ཆོས་ལ། །རྣལ་འབྱོར་བདག་གི་མགོན་སྐྱབས་མཛོད། །ཡོན་བདག་འདི་ལ་ཁ་འཛིན་མཛོད། །ཀྱཻ། སྟག་སྐྱ་གཡུ་འབྲུག་བྱ་དམར་དང་། །རུ་སྦལ་རྒྱུ་བོ་བཞི་པོ་ནི། །ཕྱོགས་བཞི་སྲུང་བའི་སྲུང་མ་ཡིན། །རྟེན་ཤིང་འདི་ལ་རྟེན་ཆོས་ལ། །ཕྱོགས་བཞི་སྲུང་བའི་སྲུང་མ་མཛོད། །ཕྱི་དགྲ་ནང་དུ་མ་ཤོར་ཅིག །དངོས་གྲུབ་ཕྱི་རུ་མ་གཏོང་ཞིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །ལྷ་དང་སྲུང་མ་ཁྱེད་རྣམས་ཀྱང་། །ཇི་སྲིད་རྟེན་འདི་འབྱུང་བཞི་ཡིས། །གནོད་པས་ཞིག་པར་མ་གྱུར་བར། །དེ་སྲིད་བརྟན་པར་བཞུགས་ནས་ཀྱང་། །མགོན་སྐྱབས་སྡོང་གྲོགས་རྒྱབ་རྟེན་མཛོད། །ཉིན་གྱི་དུས་སུ་མེལ་ཚེ་མཛོད། །མཚན་གྱི་དུས་སུ་བྱ་ར་མཛོད། །དགྲ་རྐུན་དམག་ཇག་གནོད་པ་ཟློག །གདོན་དང་གྱོད་བྱུར་ངན་པ་ཟློག །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བཀྲ་ཤིས་བརྗོད། སྨོན་ལམ་བཏབ། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་རབ་


CMR037_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱའོ། །ཞེས་པ་འདི་ནི་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་གཏོར་ཁུ་ལ་གཞི་བྱས་ཨོ་རྒྱན་རིན་པོ་ཆེའི་མཛད་པའི་བུམ་གཏེར་མན་ངག་དང་། དགའ་རབ་རྡོ་རྗེས་མཛད་པའི་གསས་མཁར་ཁ་བསྟོད། ཀླུ་ཐོ་བཅའ་ཐབས་རྒྱས་པ་དང་། གཏོར་ཁུ་ཕྱག་ལེན་ངག་ཁྲིད་སོགས་ཐོས་པ་ལ་བརྟེན་ནས་བྲིས་པ་ཡིན། འདི་བྲིས་ཉེས་འགལ་གང་མཆིས་ཐམས་ཅད་བཤགས། དགེ་བས་འགྲོ་ཀུན་བདེ་སྐྱིད་འཕེལ་ཕྱིར་བསྔོ། ཞེས་པ་འདི་སྔགས་འཆང་༧ ཀརྨ་ཨ་རཱ་གས་ཕག་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བཅུ་གཅིག་ཉིན་པར་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་རིང་གཏོར་ཁུ་བཙུགས་ཐབས།next