Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན།next

ཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན།


CMR037_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན་བཞུགས། །


CMR037_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཆར་འབོད་ཉེར་མཁོཟབ་ཅིང་སྟབས་བདེ་བ་ནི། ནས་རྗེན་བཏགས་གཙང་མ་ལ་ཀླུ་སྨན་རུ་རྩི་གང་འཛོམ་བསྲེ། དབྱར་ཁ་ཡིན་ན་དུག་རིགས་མ་ཡིན་པའི་མེ་ཏོག་གང་འཛོམ་རྙེད་ཚད་བསྲེ། བ་དཀོར་ར་དཀར། བ་དམར་མོ་དང་འབྲི་ཟལ་མོ་གང་རུང་གི་འོ་མ་རྙེད་ན་རབ། མ་རྙེད་ནའང་འོ་མ་གང་འཛོམ་གྱིས་སྦྲུས། གྲིབ་སྐམ་བྱས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ནཱ་ག་ཀཱ་ལ་ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་སྭཱ་ཧཱ། ཞེས་འདི་ལ་ཁྲི་ཚོ་ཙམ་སྔགས་ལ་ཕུས་གདབ། མཆིལ་མ་དང་ཁ་རླངས་མ་སོང་བར་བྱ། རིལ་བུ་བརྒྱ་རེ་ཟེར་བ་ཡོད་ཀྱང་རིལ་བུ་རེ་ཟུང་གྲོ་ག་ཤུག་ཤུན་ནམ་རས་སུ་བཏུམ། ཆུ་མིག་གང་བཟང་རྣམས་སུ་བཅུག་རྒྱུ་བསྐུར། ཚུར་ལེན་མི་དགོས་པས་


CMR037_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྣམས་སུ་རྡོ་ལ་བཏགས་ནས་འཕེན་བཅུག །ཞག་གསུམ་ལས་མི་འགྱང་བར་འབབ་གསུངས། རྒྱལ་བ་རྒྱ་མཚོ་དང་དགོངས་འདུས་གཉིས་ཀའི་ལས་ཚོགས་ཡིན། དཀར་གཏོར་དང་ཀླུ་སྨན་མཚོའམ་ཆུ་མིག་ཏུ་ཕུལ། དེ་བྱ་ཁྱིས་མ་ཟོས་པར་བྱ། དགོངས་གཏེར་གྱི་ཆར་འབོད་ཤིན་ཏུ་ཟབ་པ་ནི། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་མེ་འཕྲོས་པས་ཆུ་མིག་ཐམས་ཅད་མེ་དཔུང་དུ་གྱུར་པས། ཀླུ་ཐམས་ཅད་ནམ་མཁར་སོང་ནས་ཆར་པའི་རང་བཞིན་གྱི་ཆུའི་རྐྱལ་པ་མང་པོ་བྱོས་པར་བསམས་ལ། ན་མབཛྲ་པཱ་ཎི། ཏདྱ་ཐཱ། ནཱ་ག་ས་ཏཱ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་བྷ་རི་ཤ་ཡ་ཕོབ་ཕོབ། དེས་འབེབས་ངེས་སོ། །ས་མ་ཡ། རྒྱ་རྒྱ་


CMR037_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། གནམ་ཆོས་ལུགས་ལ་དེ་ལས་ཟབ་པ་མེད། །གཞན་ཡང་། ན་མབཛྲ་པཱ་ཎི། ཏདྱ་ཐཱ། ནཱ་ག་སརྦ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་བྷ་རི་ཤ་ཡ་ཕོབ་ཕོབ། མང་བཟླས་ཐེ་ཚོམ་མེད་དོ་ལག་བླང་ཟབ་བོ། ༈ །གཅོད་ལུགས་ཟབ་ཅིང་སྟབས་བདེ་བ་ནི། །ལུས་སྦྱིན་དམིགས་པ་དམར་འགྱེད་བྱས། །རང་གི་པགས་པ་བཏིང་པས་འཛམ་གླིང་ཁྱབ། །དེའི་སྟེང་དུ་ཀླུ་དང་གཞི་བདག་ལྷ་འདྲེ་ཐམས་ཅད་ཁྲོམ་ལྟར་འདུས་ཤ་ཁྲག་རང་རང་གིས་ཅི་འདོད་པའི་ལོངས་སྤྱོད་དུ་གྱུར་ནས་བྱིན་པས་དགའ་མགུ་ཡི་རང་། རང་ཁྲོས་མའམ་ཕག་མོ་རི་རབ་ཙམ་དུ་གྱུར་པའི་ཞལ་ནས་ད་ལྟ་ཉིད་དུ་ཆར་ཕོབ་ཅེས་བཀའ་བསྒོས་པས། ལྷ་འདྲེ་ཐམས་ཅད་ཀྱི་བུ་ག་དགུ་དང་བ་སྤུ་ཐམས་ཅད་ནས་ན་བུན་ཆར་ཞོད་ཕྱུ་རུ་རུ་བྱུང་། འཇིག་རྟེན་སྤྱི་དང་རང་གིས་འདོད་པའི་ས་དེར་ཆུ་སྐྱོགས་ཆེན་པོས་སྔོ་ལྟེམ་ལྟེམ་གང་བར་བསྒོམ་དམིགས་པ་གསལ་ཞིང་བརྟན་ན་ཞག་གསུམ་ལས་འགྱང་མི་སྲིད་པར་གསུངས། དགོང་མོ་རང་སེང་གདོང་མར་བསྒོམ་པའི་ཞབས་འོག་ཏུ་རླུང་ལྷ་དང་ཆར་བཀག་པའི་འདྲེ་ངན་ཐམས་ཅད་ཚུད་པ་ཞབས་ཀྱིས་མནན་པས་ཁབ་ས་ལ་བརྡབ་པ་ལྟར་རིམ་དགུ་ས་ཡི་འོག་ཏུ་སོང་བར་བསྒོམ། སེང་གདོང་མའི་སྔགས་ཕྲེང་སྐོར་དང་ཐལ་རྡེབ་བྱ། ཆར་བབས་ནས་གཏང་རག་དཀར་གཏོར་ཕུལ། རང་སྤྱན་རས་གཟིགས་ཁ་སར་པཱ་ཎི་ནམ་མཁའ་ཁྱབ་པའི་ཕྱག་གཡས་ནས་བདུད་རྩི་འོ་མ་ལྟ་བུ་ཆུ་ཆེན་ལྟར་བབ། དེ་ལ་ཀླུ་དང་གཞི་བདག་ཐམས་ཅད་ཀྱིས་ཁྲུས་བྱས་པ་དང་འཐུང་བས། སོ་


CMR037_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ནད་དང་སྡུག་བསྔལ་ཐམས་ཅད་ཞི། བདེ་སྐྱིད་བཀྲག་མདངས་ཕུན་སུམ་ཚོགས། དགའ་ཞིང་ཡིག་དྲུག་འདོན་ཏེ་རང་གནས་སུ་སོང་བར་བསྒོམ། རྟོགས་ལྡན་སངས་རྒྱས་དར་རྒྱས་དང་། སྟོབས་བཅུ་སོགས་ལ་ཕན་པའི་ཕྱིར་ཟབ་ཅིང་དོན་འདུས་གཏི་ཐུག་ཆོ་ག་རཱ་ག་ཨ་སྱས་ངག་ནས་སྨོད་པ་ལྟར་འོ་ཁྲོ་དགེ་སློང་ཤྲཱི་ནས་བྲིས་པ་འགྲོ་དོན་དཔག་ཏུ་མེད་པར་གྱུར་ཅིག། ༈ སྤྲིན་ཆེན་པོའི་མདོ་སྡེའི་དོན་བསྡུས་ཆར་འབེབས་སྨོན་ལམ་བདེན་སྟོབས་བཞུགས་སོ།། ན་མོ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དང་། །ཁྱད་པར་ཀླུ་དང་ས་བདག་རྣམས། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ཅིང་། །བདེ་བ་ཀུན་དང་ལྡན་ནས་ཀྱང་། །ཆར་ཆུ་དུས་སུ་འབེབས་པ་དང་། །ལོ་ལེགས་འཇིག་རྟེན་བདེ་བའི་ཕྱིར། །བདག་གིས་ཆར་ཆེན་འབེབས་པར་བྱ། །སྤྲིན་གྱི་རིགས་ལས་བྱུང་བ་ཡི། །བྱིན་རླབས་བཀོད་པའི་གཟི་བརྗིད་ཀྱི། །སྙིང་པོར་སྤྲུལ་པ་སྣང་བྱེད་པ། །ཡེ་ཤེས་དཔལ་གྱི་ཆུ་ཡི་རྒྱུན། །སྤྲིན་གྱི་དཀྱིལ་འཁོར་དཔལ་དང་ལྡན། །གསེར་གྱི་འོད་ཟེར་སྣང་བྱེད་པ། །སྐྲ་ཡི་རྩེ་མོའི་ཆ་ཤས་གཅིག །ལས་བྱུང་རུས་དང་རིགས་ཀྱི་ནི། །དེ་བཞིན་གཤེགས་པ་རྣམས་ལ་འདུད། །བཅོམ་ལྡན་


CMR037_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མཆོག །རྣམ་པར་སྣང་མཛད་སྙིང་པོ་ཅན། །སྤྲིན་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཀླུ་རིགས་ལས་བྱུང་བའི། །སྤྲིན་གྱིས་མཛེས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་གྱི་ཆུ་འཛིན་དང་། །དཔལ་ལྡན་སྤྲིན་གྱི་གཟི་བརྗིད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་འབྱུང་བ་དང་། །རླུང་གི་དཀྱིལ་འཁོར་རྣམ་འཇོམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ནམ་མཁའ་དཔག་མེད་དང་། །སངས་རྒྱས་མཐུ་རྩལ་དཔའ་བོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་འབྲུག་སྒྲོག་དང་། །སངས་རྒྱས་སྤྲིན་ཀུན་སྟོན་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་གྱི་ཆུ་ཟག་དང་། །སངས་རྒྱས་སྤྲིན་རྣམ་སྦྱོང་བ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་གྱི་སྒྲ་དང་ནི། །སྤྲིན་འདྲའི་ན་བཟའ་མནབས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་གྱིས་ལོ་ཏོག་མངོན་སྐྲུན་དང་། །སངས་རྒྱས་སྦྱིན་གནས་ལ་གནས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །


CMR037_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྤྲིན་གྱི་སྟོབས་སྒྲུབ་དང་། །སངས་རྒྱས་སྤྲིན་ལྟར་མཐོ་བ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་ནི་རྣམ་པར་འཐོར། །སངས་རྒྱས་སྤྲིན་ཆེན་ཨུཏྤལ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སྤོས་ཀྱི་སྐུ། །སངས་རྒྱས་སྤྲིན་ཆེན་འཕགས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་གྱི་དབང་ཕྱུག་དང་། །སྤྲིན་ཆེན་འོད་ཀྱི་འབྱུང་གནས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་གྱི་ས་བོན་དང་། །ནོར་བུ་རིན་ཆེན་ཆེ་སྤྲིན་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་གློག་འབར་དང་། །སྤྲིན་ཆེན་མཐུ་རྩལ་དཔལ་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་སྤྲིན་མཛེས་དང་། །སངས་རྒྱས་སྤྲིན་འཐིབས་ཆེན་པོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་གྱི་དཀྱིལ་འཁོར་ཆེན་པོ་དང་། །དེ་བཞིན་གཤེགས་པ་སྤྲིན་འོད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སེང་གེ་དང་། །བདེ་


CMR037_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྤྲིན་ཆེན་གདུགས་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ལྟ་མཛེས་སྤྲིན་ཆེན་དང་། །སྤྲིན་ཆེན་པོ་ཡིས་ཁེབས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་འབྱུང་སྣང་བྱེད་དཀྱིལ་འཁོར་ནི། །ཕྱོགས་བཅུར་མཐོ་འགེབས་རྔའི་སྒྲ་དབྱངས། །ཤིན་ཏུ་རབ་སྒྲོགས་དེ་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་ཆེན་བསིལ་འབྱུང་དགའ་རབ་ཏུ། །འབྱུང་བའི་སྒྲ་ཟབ་སྒྲོག་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་བརྡལ་བ་དང། །སྤྲིན་ནི་རྣམ་པར་འདུལ་བ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ། །དེ་བཞིན་གཤེགས་པ་སྤྲིན་སྡུད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དུས་མིན་སྤྲིན་དང་ལྕེ་འབབ་འཇོམས། །སྤྲིན་ཆེན་ནམ་མཁའི་མཐོང་བསྒྲག་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སྒྲ་འབྱིན་དང་། །སྤྲིན་ཆེན་ཆར་གྱི་ཆུ་སྐྱེས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་གཟི་བརྗིད་སྒྲུབ་པའི་སྤྲིན། །བདེ་གཤེགས་ཆུ་གྲགས་སྤྲིན་


CMR037_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ཆུ་སྐྱེས་ཆེ་སྤྲིན་དང་། །སྤྲིན་ཆེན་རྒྱ་མཚོ་འགེངས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཆར་མི་འབེབས་ན་སྤྲིན་ཆེན་འགེབས། །སངས་རྒྱས་སྤྲིན་གཟུགས་མཐའ་ཡས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་ཆེན་རྣམ་སྒྲུབ་འཛམ་བུའི་སྟོབས། །སྒྲུབ་པའི་གཟི་བརྗིད་འོད་ཟེར་གྱི། །འབྱུང་གནས་སྤྲིན་གྱི་འོད་ཟེར་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཀླུ་ཡི་རྒྱལ་པོ་གཡོག་མཐའ་ཡས། །རྒྱ་མཚོའི་སྤྲིན་བཀོད་སངས་རྒྱས་ཀྱི། །དཀྱིལ་འཁོར་གདུགས་ལྟར་རྒྱལ་པོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ། །ནཱ་ག་རཀ་མི་མགོན་དཀར། །ཀླུ་ཡི་རྒྱལ་པོ་འཇོག་པོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ། །ཆུ་བདག་ཝ་རུ་ཎ་ཉིད་དང་། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་


CMR037_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །ཕྱག་ན་རྡོ་རྗེའི་རྣམ་པར་འཕྲུལ། །ཀླུ་ཡི་རྒྱལ་པོ་དགའ་བོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ། །མཁར་ནག་དགེ་བསྙེན་སྨྱོ་ཁ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །ས་དྲུག་ལ་གནས་སེམས་དཔའ་ཆེ། །ཀླུ་རྒྱལ་སོག་མ་མེད་དེ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །མཐའ་ཡས་ལ་སོགས་ཀླུ་ཆེན་བརྒྱད། །བཙུན་མོ་སྲས་དང་གཡོག་འཁོར་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །མ་དྲོས་དང་ནི་གཟི་ཆེན་དང་། །ཁམས་ཀྱི་བྱ་ཐུལ་ལ་སོགས་པ། །བོད་ཡུལ་ཀླུ་རིགས་ཐམས་ཅད་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ས་བདག་རིགས། །སྣང་སྲིད་ཀླུ་རིགས་ཐམས་ཅད་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །བདག་ཅག་མི་རྣམས་ཐམས་ཅད་ཀྱིས། །ཕོག་ཐུག་ཉེས་པ་གང་ཤོར་བཤགས། །ཤཱཀ་ཐུབ་གསང་བདག་པད་འབྱུང་དང་། །རྟ་མགྲིན་པཀི་ལ་སོགས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །དམ་ཚིག་རྗེས་སུ་དྲན་མཛོད་ལ། །ཆར་གྱི་རྒྱུན་ཆེན་མྱུར་


CMR037_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕོབ། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །སངས་རྒྱས་དེ་རྣམས་བདེན་པ་ཡིས། །ཀླུ་རིགས་ཀུན་གྱི་སྡུག་བསྔལ་དང་། །ནད་དང་གནོད་པ་རྒྱུན་ཆད་ནས། །ཀླུ་རྣམས་བདེ་ཞིང་སྐྱིད་གྱུར་ཅིག །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །ཐུགས་རྗེ་ཐུགས་བསྐྱེད་བདེན་པ་དང་། །ཆོས་ཉིད་རྣམ་དག་བདེན་པའི་མཐུས། །ཆར་ཆེན་མྱུར་དུ་འབབས་གྱུར་ཅིག །འཇམ་དབྱངས་མཁྱེན་རབ་ཚད་མེད་དང་། །གསང་བདག་མཐུ་སྟོབས་ཚད་མེད་དང་། །སྤྱན་རས་གཟིགས་དབང་སྙིང་རྗེ་ནི། །ཚད་མེད་བདེན་པའི་བདེན་སྟོབས་ཀྱིས། །ཆར་གྱི་རྒྱུན་ཆེན་མྱུར་འབེབས་ཤོག །དགྲ་བཅོམ་ཉོན་མོངས་ཟད་བདེན་ཞིང་། །རང་རྒྱལ་རྟེན་འབྲེལ་རྟོགས་བདེན་ན། །དེ་ཡི་བདེན་པས་ཆར་ཆེན་ཕོབ། །བརྒྱ་བྱིན་ལག་གི་རྡོ་རྗེ་དང་། །ཁྱབ་འཇུག་ལག་གི་འཁོར་ལོ་དང་། །དྲག་པོའི་ལག་གི་མདུང་རྩེ་རྣམས། །ལྟ་གལ་ཏེ་ནུས་པར་ལྡན་བདེན་ན། །དེ་ཡི་བདེན་པས་ཆར་ཆེན་ཕོབ། །སྡུག་བསྔལ་བདེན་དང་ཀུན་འབྱུང་བདེན། །འགོག་པ་བདེན་ཅིང་ལམ་བདེན་ན། །བདེན་པས་ཆར་ཆེན་


CMR037_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་གྱུར་ཅིག །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །གསང་བདག་རྟ་མགྲིན་ཕྱག་རྡོར་གྱི། །གལ་ཏེ་དམ་ལ་གནས་བདེན་ན། །དམ་ཚིག་བདེན་པས་ཆར་རྒྱུན་ཕོབ། །མཁའ་ལྡིང་རྒྱ་མཚོ་ལས་རྒྱལ་ཞིང་། །ནོར་བུས་དགོས་འདོད་འབྱུང་བ་དང་། །ཉི་ཟླས་མུན་པ་སེལ་བདེན་ན། །བདེན་པས་ཆར་ཆེན་རྒྱུན་འབེབས་ཤོག །སངས་རྒྱས་ཆོས་དང་དགེ་འདུན་བདེན། །གསང་སྔགས་རིག་སྔགས་གཟུངས་སྔགས་བདེན། །སྙིང་པོ་སྔགས་དང་ཕྱག་རྒྱ་བདེན་། །བླ་མ་ཡི་དམ་མཁའ་འགྲོ་བདེན། །གཞི་དང་ལམ་དང་འབྲས་བུ་བདེན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་བདེན། །རྒྱུ་འབྲས་བསླུ་བ་མེད་པ་བདེན། །དེ་དག་ཐམས་ཅད་བདེན་ངེས་ན། །བདེན་པས་མྱུར་དུ་ཆར་ཆེན་ཕོབ། །ཀླུ་རྣམས་ཐམས་ཅད་སྟོབས་ཆེ་ཞིང་། །ཁ་དོག་ལྡན་ཞིང་འོད་དང་ལྡན། །ལོངས་སྤྱོད་ཆེ་ཞིང་མཐུ་ཆེ་བ། །བདེན་ན་བདེན་པས་ཆར་ཆེན་ཕོབ། །ཁྱད་པར་གཟུངས་སྔགས་འདི་བརྗོད་པས། །ཀླུ་ཡི་སྡུག་བསྔལ་རྒྱུན་ཆད་ནས། །ཆར་ཆེན་མྱུར་དུ་འབེབས་པར་ཤོག །ཏདྱ་ཐཱ། དྷ་ར་ཎི་དྷཱ་ར་ཎཱི། ཨུཏྟཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བཎ། སཏྱ་


CMR037_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏི་ཛྙཱ་ན་ས་ར་ཧ། ཛཱ་ན་པ་ཏི། ཨུད་དེ་པཱ་ད་ནཾ་བི་ནཱ་མ་ནི། ཨ་བྷི་ཥི་ཙ་ནི། ཨ་བྷི་བྷ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བ་ལ་ནི། །བ་ཧ་ཧཱ་རཀྵ་ཤ་ན། དྷུ་ན་པཱ་པཾ། ཤོ་དྷ་ཡ་མཱརྒ་ཎ། ནི་ར་ཏི་ཀ །དྷརྨ་ཏཱ་ཤུདྡྷཾ། ལོ་ཀ་བི་ཏི་མི་ར་རཱ་ཙ་ས། དུཁ་ཤ་མ་ན་སརྦ་བུདྡྷ། ཨ་ཝ་ལོ་ཀ་ན་ཨ་དྷིཥྛི་ཏེ། པྲ་ཛྙཱ་ཛྷཱ་ན་བྷེ་སྭཱ་ཧཱ། ཞེས་དང་། ནཱ་ག་ཙ་ཏྲི་པ་ལ་ཛཿཧཱུྃ་བཾ་ཧོཿ ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྤོ་ཊ་ཡ་ཧཱུྃ་ཕཊ། བྷ་རི་ཤ་ཡ་ནཱ་ག་རཱཙ་ས་མ་ཡ། བྷ་རི་ཤ་ཡ་པྲ་མ་ནི་སྭཱ་ཧཱ། ཨོཾ་ཕུ་ནཱ་ག་ཤ་ཤ་ཕོབ། ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ། ཨོཾ་ཕུ་ནཱ་ག་ཧྲིང་ཧྲིང་ཕོབ། བྷ་རི་ཤ་ཡ་དྷ་ན་ནི་སྭཱ་ཧཱ། ལྷ་ཀླུ་སྡེ་བརྒྱད་ཀྱིས་ད་ལྟ་ཉིད་དུ་ཆར་ཆེན་ཕོབ་ཅིག་སྭཱ་ཧཱ། ཞེས་པ་འདི་སྤྲིན་ཆེན་པོའི་མདོ་སྡེའི་དོན་བསྡུས་ཏེ་ཆར་དཀོན་པའི་ཚེ། ཨ་རཱ་གས་བྲིས་ཏེ། རྒྱ་ནག་གླང་རྩིས་ལ་ཡང་ད་ལོ་སྔ་ཐན་ཕྱི་ཞོད་གསུངས་པ་ལྟར་དབྱར་སྟོད་ཐན་པ་ཆེ་བས་ཕན་པའི་སེམས་ཀྱིས་ཆུ་ཡོས་ས་ག་ཆེན་པོའི་ཚེས་བཅུ་ལ་བྲིས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་གྱུར་ཅིག །མངྒ་ལཾ།། །། ༈ ཆར་འབེབས་གསོལ་འདེབས་བདུད་རྩིའི་སྤྲིན་དཀར་བཞུགས། །ན་མོ་ལོ་ཀེ་ཤཱ་རཱ་ཡ། །ཀླུ་རྣམས་བདེ་ལ་འགོད་མཛད་


CMR037_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཀླུ་ཡི་ལྟུང་བ་སེལ་མཛད་པ། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཀླུ་ནད་ཐམས་ཅད་སེལ་མཛད་པ། །རིག་འཛིན་ནཱ་གཱརྫུ་ན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ས་བཅུའི་དབང་ཕྱུག་ཀླུ་ཡི་རྒྱལ། །ལག་འགྲོ་ཆེན་པོ་གཡོག་མཐའ་ཡས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །བདེ་གཤེགས་ཀླུ་དབང་སྤྲུལ་པ་སྟེ། །ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཨཱརྱ་པ་ལོའི་སྤྲུལ་པ་སྟེ། །ཆུ་བདག་ཆེན་པོ་ཝ་རུ་ཎ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཆེན་པོ་འཇོག་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་


CMR037_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་ཕོབ། །གསང་བའི་བདག་པོའི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཆེན་པོ་དགའ་བོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཟླ་བའི་མདོག་ཅན་རྡོ་རྗེ་འཛིན། །ཡེ་ཤེས་ཀླུ་ཆེན་བརྒྱད་ཀྱིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །མ་དྲོས་ལ་སོགས་ཀླུ་ཡི་ཚོགས། །སྟོན་པའི་བཀའ་ལས་མ་འདའ་བར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །གཟི་ཆེན་ལ་སོགས་ཀླུ་ཡི་ཚོགས། །པད་འབྱུང་བཀའ་ལས་མ་འདའ་བར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །མཁར་ནག་ལ་སོགས་ཀླུ་ཡི་ཚོགས། །རང་བྱུང་རྒྱལ་བའི་བཀའ་མ་བཅག །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །བྱིས་པའི་གཟུགས་ཅན་ལ་སོགས་ཀླུ། །ནམ་མཁའ་རྒྱལ་མཚན་བཀའ་མ་བཅག །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཀླུ་གཉན་ས་བདག་སྣང་སྲིད་ཀུན། །ཨོ་རྒྱན་ཆེན་པོའི་དམ་མ་བཀྲལ། །ཚར་


CMR037_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །འཇིག་རྟེན་སྐྱོང་བར་ཁས་བླངས་ལྟར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ལྷ་དང་དྲང་སྲོང་བདེན་པའི་མཐུས། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །རླུང་ལྷ་ལ་སོགས་གདོན་གྱི་ཚོགས། །རྒྱལ་བའི་བཀའ་ལས་མ་འདའ་བར། །ཆར་ལ་བར་ཆད་མ་བྱེད་ཅིག །གལ་ཏེ་བཀའ་ལས་འདས་གྱུར་ན། །ཚེ་འདིར་མགོ་བོ་ཚལ་བརྒྱར་འགས། །ཕྱི་མ་མནར་མེད་སྡུག་བསྔལ་མྱོང་། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པའི་སེམས་སྤོངས་ཤིག ། ལྷ་ཀླུ་རྣམས་ཀྱིས་ཆར་འབེབས་ཤིང་། །འཇིག་རྟེན་བདེ་ཞིང་སྐྱིད་པ་དང་། །བཀྲ་ཤིས་ལོ་ལེགས་འཕེལ་བར་མཛོད། །ཅེས་ཆར་འབེབས་དུས་སྨྲས་པས་དེ་མ་ཐག་འབྲུག་སྒྲ་སྒྲོག་པ་ལ་སོགས་རྟེན་འབྲེལ་ལེགས་པར་བྱུང་ངོ་། །ཞེས་ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན།next