Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྲིན་ཆེན་མདོ་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྲིན་ཆེན་མདོ་བསྡུས།next

སྤྲིན་ཆེན་མདོ་བསྡུས།


CMR037_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྲིན་ཆེན་མདོ་ལས་གསུངས་པ་ཡི༔ ཨོཾ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་རྣམ་སྣང་སྙིང་པོ་ཅན་གྱི་སྤྲིན་ཆེན་དང་། ཀླུ་རིགས་ལས་བྱུང་སྤྲིན་གྱི་རྣམ་མཛེས་དང་། །སྤྲིན་ཆེན་ཆུ་འཛིན་སྤྲིན་གྱི་གཟི་བརྗིད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །རླུང་དཀྱིལ་རྣམ་འཇོམས་སྤྲིན་དང་སྤྲིན་ཆེན་འབྱུང་། །ནམ་མཁའ་དཔག་མེད་སྤྲིན་ཆེན་གློག་འབར་དང་། །སྤྲིན་ཆེན་མཐུ་རྩལ་དཔའ་བོ་སྤྲིན་མཛེས་དང་། །སྤྲིན་གདུགས་ཆེན་པོ་སྤྲིན་གྱི་དཀྱིལ་འཁོར་ཆེ། །སྤྲིན་ཀ་འོད་དང་སྤྲིན་ཆེན་སེང་གེ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །སྤྲིན་ཆེན་ཁེབས་དང་སྤྲིན་ཆེན་གདུགས་ལྟར་སྟུག །སྤྲིན་བྱུང་སྣང་བྱེད་དཀྱིལ་འཁོར་རྔ་སྒྲ་སྒྲོག །སྤྲིན་རྣམས་རྒྱས་པ་སྤྲིན་ཆེན་ཨུཏྤལ་ལ། །སྤྲིན་ཆེན་སྤོས་སྐུ་སྤྲིན་ཆེན་དབང་ཕྱུག་དང་། །སྤྲིན་ཆེན་འོད་མཛད་སྤྲིན་ཆེན་ཕྱིན་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །ནོར་བུ་རིན་པོ་ཆེན་པོའི་སྤྲིན་ལྟ་བུ། །སྤྲིན་ལྟར་རྣམ་འཇོམས་སྤྲིན་གྱི་ཆུ་བ་དང་། །སྤྲིན་སྡུད་དུས་མིན་སྤྲིན་དང་ལྕེ་


CMR037_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འབབས་འཇོམས། །སྤྲིན་ལྟར་ནམ་མཁའ་མཐོང་བ་སྤྲིན་སྒྲ་འབྱིན། །སྤྲིན་ཆེན་ཆར་སྐྱེས་ཆུ་འཐོར་སྤྲིན་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །གཟི་བརྗིད་སྒྲུབ་སྤྲིན་སྤྲིན་གཟུགས་མཐའ་ཡས་དང་། །རོ་བྲོ་དྲུག་ལྡན་ཆུ་ཆེན་སྤྲིན་རྣམ་སྒྲུབས། །སྤྲིན་ཆེན་རྒྱ་མཚོས་འགེངས་དང་སྤྲིན་འོད་ཟེར། །ཆར་མི་འབེབས་དུས་སྤྲིན་གྱིས་ཀུན་འགེངས་དང་། །སྤྲིན་བསིལ་མི་དགའ་རབ་འབྱམས་ཟབ་སྒྲོག་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །སྤྲིན་ཆེན་གདལ་བ་གང་གཱའི་ཆུ་སྤྲིན་དང། །རྩལ་གྱིས་སྤྲིན་ལྟར་དཔའ་བོ་འབྲུག་སྒྲོག་དང་། །སྤྲིན་སྟོན་སྤྲིན་རྒྱ་ཆེ་དང་སྤྲིན་འཛག་དང་། །སྤྲིན་ལྟར་རྣམ་སྒྲོག་སྤྲིན་འཕགས་སྤྲིན་ན་བཟའ། །སྤྲིན་གྱི་གདན་ལ་གནས་པ་རྣམས་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །སྤྲིན་འདུ་མཛད་དང་ཆར་སྤྲིན་གྱིས་ནི་སྤྲིན། །སྤྲིན་གྱི་ལོ་ཐོག་བསྐྱེད་དང་ཤཱཀ་ཐུབ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །དེ་དག་རྣམས་ལ་ཕྱག་འཚལ་མཆོད་པའི་མཐུས། །སྟོང་གསུམ་ཁམས་དང་ཡུལ་འདིའི་ཀླུ་རྣམས་ཀྱི། །སྡུག་བསྔལ་


CMR037_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་བདེ་བ་ཐམས་ཅད་ལྡན། །དུས་སུ་ཆར་འབེབས་ལོ་ཐོག་ལེགས་པར་ཤོག །ཀླུ་རྣམས་ཀུན་དང་སེམས་ཅན་ཐམས་ཅད་ཀུན། །བདེ་བ་ཀུན་ལྡན་སྡུག་བསྔལ་ཀུན་བྲལ་ཤོག །ཏདྱ་ཐཱ། དྷ་ར་ཎི་དྷ་ར་ཎཱི། ཨུཏྟཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བ། སཏྱ་པྲ་ཏི་ཛྙཱ་ན་ས་ར་ཧ། ཛྙཱ་ན་པ་ཏི། ཨུད་དེ་པཱ་ད་ནཾ་བི་ནཱ་མ་ནི༔ ཨ་བྷི་ཥི་ཙ་ནི། ཨ་བྷི་བྱུ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བ་ལ་ནི། བ་ཧ་ཧཱ་རཀྵ་ཤ་ན། དྷུ་ན་པཱ་པཾ། ཤོ་དྷ་ཡ་མཱརྒ་ཎ། ནི་ར་ཏི་ཀ །དྷརྨ་ཏཱ་ཤུདྡྷ། ལོ་ཀ་བི་ཏི་མི་ར་རཱ་ཙ་ས། དུཉྩཁ་ཤ་མ་ན་སརྦ་བུདྡྷ། ཨ་ཝ་ལོ་ཀ་ན་ཨ་དྷིཥྛི་ཏེ། པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། བདེ་བ་ཀུན་སྦྱིན་གཟུངས་འདི་བརྗོད་པའི་མཐུས། །ཀླུ་ཡི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ནས། །ཀླུ་ཡི་བདེ་སྐྱིད་ཐམས་ཅད་རབ་འཕེལ་ཏེ། །ཆར་ཆུ་དུས་འབེབས་ལོ་ཐོག་ལེགས་པར་ཤོག །རྣམ་སྣང་ལ་སོགས་སངས་རྒྱས་བྱང་ཆུབ་སེམས། །ཐམས་ཅད་ཀུན་ལ་གུས་པས་ཕྱག་འཚལ་ལོ། །དེ་དག་བདེན་པས་ཆར་པ་འབེབས་པ་ལ། །བར་ཆད་བྱེད་པ་ཐམས་ཅད་བསལ་དུ་གསོལ། །ཀླུ་ཆེན་འཁོར་


CMR037_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་བཅས་པ་ཐམས་ཅད་ཀུན། །དཀོན་མཆོག་གསུམ་དང་ཐུབ་བསྟན་དྲན་གྱིས་ལ། །བྱམས་དང་སྙིང་རྗེའི་སེམས་ཀྱིས་འདིར་གཤེགས་ལ། །འགྲོ་ལ་ཕན་ཕྱིར་ཆར་རྒྱུན་མྱུར་དུ་ཐོངས། །སྟོབས་ལྡན་གཟི་བརྗིད་ཆེ་བའི་ཀླུ་རྒྱལ་རྣམས། །རྒྱལ་བའི་བཀའ་བསྒོས་བྱིན་རླབས་དམ་བཅས་དང་། །རང་རང་ཆོས་དྲིན་ཆེ་བ་དྲན་གྱིས་ལ། །ཡུལ་ཕྱོགས་འདི་རུ་ཆར་ཆེན་མྱུར་དུ་ཕོབ། །དཀོན་མཆོག་གསུམ་དང་གསང་བདག་རྡོ་རྗེ་ཅན། །ཚངས་དང་བརྒྱ་བྱིན་ཉེ་དབང་རྒྱལ་པོ་བཞི། །ཀླུ་རྒྱལ་བརྒྱད་པོ་འཁོར་དང་བཅས་པ་ཡི། །བདེན་པ་ཆེན་པོས་མྱུར་དུ་ཆར་ཕོབ་ཅིག །སྤྲིན་འབྱུང་མ་སོགས་སྤྲིན་གྱི་ལྷ་མོའི་ཚོགས། །འབྲུག་སྒྲོག་ལ་སོགས་ཀླུ་ལ་བསྐུལ་མཛད་པ། །བདེར་གཤེགས་བྱིན་རླབས་སྟོབས་ཀྱིས་ཆར་ཕོབ་ཅིག །ཀླུ་རྣམས་མྱུར་དུ་བསྐུལ་བར་མཛད་དུ་གསོལ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱམས་དང་སྙིང་རྗེའི་ཐུགས་ཀྱིས་ཀླུ་རྣམས་བསྐུལ། །ཀླུ་རྒྱལ་གཡོག་མཐའ་ཡས་དང་རྒྱ་མཚོ་དང་། །མ་དྲོས་གཟིགས་ཅན་ཆུ་ལྷ་འཇོག་པོ་དང་། །ཡུལ་འཁོར་སྲུང་དང་བཏང་བཟུང་ནོར་རྒྱས་བུ། །ས་བསྲུང་བུ་དང་ནུ་


CMR037_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་དཔལ་གཟི་བརྗིད། །དཔལ་བཟང་གློག་འཕྲེང་གཙུག་ན་ནོར་བུ་ཆེ། །གཙུག་ན་ནོར་བུ་ཐོག་དང་སྣང་ལྡན་གཙུག །དེ་སོགས་ཀླུ་ཡི་རྒྱལ་པོ་ཐམས་ཅད་དང། །ཡང་དག་བསྐུལ་ལོ་ཆར་ཆེན་མྱུར་དུ་ཕོབ། །དུས་གསུམ་སངས་རྒྱས་ཀུན་གྱི་བདེན་པ་དང་། །བྱམས་པའི་ཐུགས་ཀྱིས་མྱུར་དུ་ཆར་ཕོབ་ཅིག །ན་མ་སརྦ་བྷུདྡྷ་བྱེ་སིདྡྷི་དྷེན་ཏུ་མན་ཏྲ་པ་ཏྲ་ནི་སྭཱ་ཧཱ། མདོ་སྡེ་སྤྲིན་ཆེན་པོའི་བསྡུས་དོན་ཆར་འབོད་དུས་སུ་བདེན་པའི་ཆེད་དུ་དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས་སྦྱར་བ་ལ། ཉེས་པ་གང་མཆིས་རྒྱལ་བའི་སྤྱན་སྔར་འཆག་ཅིང་དགེ་བས་སེམས་ཅན་ཐམས་ཅད་མུ་གེའི་འཇིགས་པ་ལས་གྲོལ་ནས་ཆར་པས་ཁྱབ་ཚད་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤྲིན་ཆེན་མདོ་བསྡུས།next