Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆར་འབེབས་བསང་མཆོད་བདུད་རྩི་སྤྲིན་ཕུང་འཁོར་བའི་སེམས་ཅན་ཚ་གདུང་སེལ་བའི་དངོས་གྲུབ་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   


 
previousཆར་འབེབས་བསང་མཆོད་བདུད་རྩི་སྤྲིན་ཕུང་འཁོར་བའི་སེམས་ཅན་ཚ་གདུང་སེལ་བའི་དངོས་གྲུབ་ཆུ་རྒྱུན།next

ཆར་འབེབས་བསང་མཆོད་བདུད་རྩི་སྤྲིན་ཕུང་འཁོར་བའི་སེམས་ཅན་ཚ་གདུང་སེལ་བའི་དངོས་གྲུབ་ཆུ་རྒྱུན།


CMR037_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས་བསང་མཆོད་བདུད་རྩི་སྤྲིན་ཕུང་འཁོར་བའི་སེམས་ཅན་ཚ་གདུང་སེལ་བའི་དངོས་གྲུབ་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།


CMR037_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་མངར་གསུམ་འབྲུ་སྣ་ཀླུ་སྨན་གསེར་སྐྱེམས་རྩི་བཅུད་བདུད་རྩིས་སྦྲུས་པའི་ཕྱེ་ཕུད། ཀླུ་བཤོས་རྒྱན་ལྡན་དར་ཚོན་སྣ་ལྔས་བརྒྱན་པ། ཀླུ་ཤིང་སྣ་ཚོགས་རྫས་བསགས་བྱིན་གྱིས་བརླབས་ལ། ཨེ་མ་ཧོཿ བདག་དང་ཀླུ་ཡི་གཙོར་བྱས་སེམས་ཅན་ཀུན། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་གིས་ཡུལ་ཕྱོགས་གནས་ཡུལ་འདི་རྣམས་སུ། །ཆར་པ་མ་བབས་ལོ་ཏོག་ཐམས་ཅད་སྐམ། །འབུ་སྲིན་རྣམས་ལ་ཚ་དམྱལ་སྡུག་བསྔལ་མྱོངས། །འགྲོ་ཀུན་མུ་གེའི་འཇིགས་པ་བསལ་བའི་ཕྱིར། །འགྲོ་ལ་ཕན་ཕྱིར་ཆར་པ་འབེབས་པར་བྱ། །རང་ཉིད་འཕགས་པ་ཐུགས་རྗེ་ཆེན་


CMR037_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ། །དཀར་གསལ་ཞལ་གཅིག་ཞི་འཛུམ་ཐོར་ཙུགས་ཅན། །དར་དང་རིན་ཆེན་རྒྱན་ལྡན་སེམས་སྐྱིལ་བཞུགས། གཡས་པས་མཆོག་སྦྱིན་བདུད་རྩི་སྨན་ཆར་འབེབས། །གཡོན་པས་པད་དཀར་ཡུ་བ་ཐུགས་ཀར་འཛིན། །ཡེ་ནས་དམ་ཡེ་དབྱེར་མེད་ངང་དུ་གསལ། །ཐུགས་ཀའི་ཧཱུྃལས་བྱམས་པའི་འོད་ཟེར་འཕྲོས། །འཇིག་རྟེན་འདས་དང་མ་འདས་ཀླུ་ཡི་ཚོགས། །ཆར་ལ་དབང་བའི་ལྷ་སྲིན་ཡུལ་ལྷ་བཅས། །ནམ་མཁའ་ས་གཞི་གང་བར་སྤྱོད་གྱུར་ཅིག །སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལས། །འབྱུང་བའི་དྭངས་མ་ཀླུ་


CMR037_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་ཚོགས་འཁྲུངས། །བསྲེགས་པའི་དུད་པས་བདུད་རྩིས་ནམ་མཁའ་གང་། །སྤོས་སྤྲིན་དྲ་བས་སངས་རྒྱས་ཞིང་ཀུན་ཁྱབ། །དེ་ལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལོངས་སྤྱོད་ཆར་རྒྱུན་ལྟ་བུར་འབེབས། །བདུད་རྩི་ཀླུ་སྨན་ན་བུན་བཞིན་དུ་གཏིབས། །ཟད་མི་ཤེས་པ་ནམ་མཁའི་མཛོད་བཞིན་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་སྤ་ར་ཎ་ཁཾ།མཁའ་མཉམ་སེམས་ཅན་བདེ་ལ་འགོད་མཛད་པའི། །ཀླུ་སྒྲུབ་པཀི་སྐྱེར་སྒང་སངས་རྒྱས་དབོན། །བྱ་ཡུལ་པ་དང་རང་བྱུང་རྡོ་རྗེ་སོགས། །བདེ་གཤེགས་སྤྲིན་གྱི་སྒྲོན་མ་ཆོས་ཀྱི་རྗེ། །ཀླུ་འདུལ་མགོན་པོ་བླ་མའི་ཚོགས་བཅས་ལ། །མཆོད་རྫས་སྤྲིན་ཕུང་ཞིང་ཀུན་ཁྱབ་པར་འབུལ། །ཐུགས་རྗེའི་ཆར་གྱིས་སེམས་ཅན་ཚིམས་པར་མཛོད། །རྒྱལ་བ་སྲས་བཅས་བདེན་པས་ཆར་ཕོབ་ཅིག །འཇམ་པའི་དབྱངས་དང་ཕྱག་རྡོར་སྤྱན་རས་གཟིགས། །འཁོར་ལོ་སྡོམ་པ་ཤཱཀ་ཐུབ་པདྨ་འབྱུང་། །འཁོར་ཆེན་ནཱ་ག་རཀྵ་རྟ་མགྲིན་སོགས། །ལྔ་བཅུ་རྩ་ལྔ་ཡི་དམ་ལྷ་ཚོགས་ལ། །མཆོད་རྫས་བདུད་རྩི་དྲི་ལྡན་བསང་མཆོད་འབུལ། །ཡུལ་ཕྱོགས་འདི་རུ་ཆར་རྒྱུན་དངོས་གྲུབ་སྩོལ། །ཀླུ་རིགས་ལས་བྱུང་


CMR037_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་མ་དང་། །སྤྲིན་ཆེན་སྤྲིན་ལ་གནས་བཅས་སྤྲིན་ལ་དབང་། །གང་གཱའི་བྱེ་སྙེད་སངས་རྒྱས་བྱང་སེམས་ལ། །དཀར་གསུམ་འབྲུ་སྨན་དྲི་བཟང་དུད་པས་བསང་། །ཐུགས་རྗེའི་སྤྲིན་དང་ཆར་རྒྱུན་དབབ་ཏུ་གསོལ། །དངོས་གྲུབ་འཛད་མེད་གཏེར་ལ་དབང་བ་ཡི། །རྣམ་སྲས་མཆེད་འཁོར་གཏེར་བདག་ཆེན་པོ་བརྒྱད། །འཛམ་ལྷ་རིགས་ལྔ་ལྷ་མོ་ནོར་རྒྱུན་མ། །གནོད་སྦྱིན་བྱེ་བ་འབུམ་སྡེ་ཚོགས་བདག་ལ། །འབྲུ་སྣ་ཟས་སྣ་ཕྱེ་མར་གསུར་གྱི་བསང་། །དངོས་གྲུབ་ཆར་གྱི་གཏེར་ཆེན་བསྩལ་དུ་གསོལ། །ཀྱཻ། རྒྱ་མཚོ་ཆེ་དང་རོལ་མཚོ་ཆེན་པོ་བདུན། །ཆུ་བོ་ཆུ་ཆེན་འབབ་ཆུ་གདེངས་ཀ་ནས། །ལོངས་སྤྱོད་ཟད་མེད་ཆར་ལ་དབང་བའི་ཕྱིར། །ཀླུ་རྒྱལ་ཆེན་པོ་གཙུག་ན་རིན་ཆེན་ནི། །སྐུ་སྟོད་མཚན་ལྡན་མི་ཡི་ལུས་པོ་ལ། །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ནང་ལ་བསྐྱོད། །སྦྲུལ་མགོ་བདུན་གྱི་གདེངས་ཀས་རབ་ཏུ་མཛེས། །ཕྱག་གཉིས་ཐལ་སྦྱར་བདུད་རྩིའི་བུམ་པ་ནས། །འཛད་མེད་ཆར་གྱི་རྒྱུན་ནི་རབ་ཏུ་འབེབས། །ཀླུ་ཚོགས་མང་པོའི་འཁོར་གྱིས་བསྐོར་ནས་ནི། །དངོས་གྲུབ་ཆར་རྒྱུན་སྩོལ་ཕྱིར་


CMR037_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་གཤེགས། །ཁྱད་པར་ཀླུ་ལ་མཁོ་བའི་ཡོ་བྱད་དང་། །དཀར་གསུམ་མངར་གསུམ་བདུད་རྩི་ཀླུ་སྨན་འབུལ། །འབྲུ་སྣ་དྲི་བཟང་དར་ཟབ་སྤོས་སྣས་བསང་། །ས་ཕྱོགས་ཡུལ་རིས་རྒྱལ་ཁམས་འདི་ཉིད་དུ། །འཛད་མེད་ཆར་གྱི་རྒྱུན་ནི་མྱུར་དུ་ཕོབ། །དེ་ཝའི་ཀོ་ཊའི་བླ་མཚོའི་ཕོ་བྲང་ནས། །སྦལ་སྦྲུལ་ཆུ་གནས་བརྩེ་ཞིང་འཕྱོ་བའི་དབུས། །གནས་བདག་གཏེར་སྲུང་དགེ་བསྙེན་སྨྱོ་ཁ་ནི། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ་དུ་འཁྱིལ། །མགོ་ལུས་མིག་གང་སྦྲུལ་གྱི་གདེངས་ཀ་ཅན། །གདེངས་ཀའི་གསེབ་ནས་ཆར་རྒྱུན་ཤ་ར་ར། །དངོས་གྲུབ་འཛད་མེད་གཏེར་གྱི་བུམ་པ་བསྣམས། །བུམ་པའི་ཁ་ནས་སྨན་ཆར་ཐུ་ལུ་ལུ། །སྤྲུལ་པ་ཀླུ་གཉན་ཀླུ་བདུད་བྱེ་བ་འབུམ། །ཆར་པ་སློང་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །རྟ་གླང་ར་ལུག་ཆུ་གནས་རྟེན་རྫས་འབུལ། །དཀར་གཏོར་ཇ་ཆང་མང་པོ་གསུར་གྱི་བསང་། །ཡུལ་ཕྱོགས་འདི་རུ་ཚོར་གྱི་དངོས་གྲུབ་སྩོལ། །མཆེད་འཁོར་སྨྱོ་ཁ་ཐང་ལྷ་མཁར་ནག་དང་། །ཀླུ་བདུད་མགོ་དགུ་ཟླ་བའི་གདོང་པ་ཅན། །སྐུ་ལྷ་བཀྲག་མེད་ཟུ་ར་ར་སྐྱེས་


CMR037_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྱི་འཁོར་བཙན་དང་ནང་འཁོར་ཀླུ་སྨན་འབུམ། །ཕྱག་ན་ཆར་སྤྲིན་ཆུ་ཡི་ཞགས་པ་བསྣམས། །རྫུ་འཕྲུལ་ཆར་དང་གློག་ཞགས་ཁྱུགས་སེ་ཁྱུག །གསེར་སྐྱེམས་དར་སྣ་ཀླུ་སྨན་དྲི་ཡིས་བསང་། །གནས་ཡུལ་འདི་རུ་དྲག་ཆར་མྱུར་དུ་ཕོབ། །ཀླུ་རྣམས་ཀུན་གྱི་གཙོ་བོ་ཀླུ་ཆེན་བརྒྱད། །མཐའ་ཡས་འཇོག་པོ་ནོར་རྒྱས་དུང་སྐྱོང་དང། །པདྨ་ཆུ་ལྷ་རིགས་ལྡན་སྟོབས་ཀྱི་བདག །ཀླུ་རྒྱལ་དགའ་བོ་མི་མགོན་ཝ་རུ་ཎ། །སྐུ་སྟོད་མཚན་ལྡན་ལྷ་ཡི་ལུས་པོ་ལ། །སྐུ་སྨད་གསེར་སྤྲུལ་རྒྱ་མཚོའི་ནང་ནས་འཕྱོ། །སྦྲུལ་གྱི་གདེངས་ཀ་སྤྲིན་ཕུང་དབུ་ལ་བརྒྱན། །འབྲུག་སྒྲོག་གློག་འབྱིན་དུས་སུ་ཆར་འབེབས་པ། །སྐུ་ལ་སྤྲུལ་པའི་ཀླུ་ཚོགས་སྤྲིན་བཞིན་གཏིབས། །ཕྱག་ན་དགོས་འདོད་ཆར་གྱི་སྒྲོམ་བུ་བསྣམས། །ཀླུ་སྨན་དཀར་གསུམ་མངར་གསུམ་གསུར་གྱི་བསངས། །ཡུལ་ཕྱོགས་འདི་རུ་ཆར་གྱི་རྒྱུན་ཕོབ་ཅིག །ཀྱཻ། ཀླུ་ཡི་རྒྱལ་པོ་ནག་པོ་ཆེན་པོ་དང་། །ཀླུ་ཡི་རྒྱལ་པོ་མ་དྲོ་གཟི་ཆེན་དང་། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ་ལ་སོགས། །ཀླུ་རྒྱལ་ཉེ་དགའ་ཚངས་པ་སྟག་སྨྱོས་ཆེ། །


CMR037_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ལེའི་འདབ་མ་འགེལ་པ་དཀར་ཀོ་གསུམ། །གདོང་བུ་ཅན་དང་གཙུག་ཕུད་གདེངས་ཀ་ཅན། །ཁ་བརྒྱ་མིག་སྟོང་རྐང་ལག་མང་པོའི་ཀླུ། །ཁམས་གསུམ་སྲིད་པ་གསུམ་གྱི་ཀླུ་རྣམས་ཀྱིས། །ཐམས་ཅད་ཕྱག་ན་རིན་ཆེན་ཆར་སྒྲོམ་འཛིན། །ཀླུ་སྨན་བདུད་རྩི་ཀླུ་ཤིང་དྲི་ཡི་བསང་། །ཡུལ་ཕྱོགས་འདི་ན་ཆར་གྱི་རྒྱུན་བསྒྲེངས་ཤིག །ཀྱཻ། ཀླུ་ཆེན་བརྒྱད་ཀྱི་བདག་མོ་ཀླུ་མོའི་གཙོ། །ཡུམ་ཆེན་དཔལ་མོ་ཀུན་ཤེས་འོད་ལྡན་མ། །སྐུ་མདོག་དཀར་གསལ་གཟི་བརྗིད་འོད་དང་ལྡན། །སྤྱི་གཙུག་ནོར་བུ་འབར་བའི་རྒྱལ་མཚན་ཥྛིལ། །འགྲོ་དྲུག་དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱིར། །རྟག་ཏུ་བདུད་རྩིའི་ཆུ་རྒྱུན་འབབས་པར་མཛོད། །སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན་དང་ལྡན། །ཕྱག་ན་ནོར་བུ་ཆར་གྱི་སྒྲོམ་བུ་བསྣམས། །འཛམ་གླིང་བདུད་རྩི་སྨན་གྱི་ཆར་ཆེན་འབེབས། །ཀླུ་སྨན་ཀླུ་མོ་ཀླུ་ཕྲུག་འཁོར་གྱིས་བསྐོར། །ཆར་གྱི་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས། །མཚོ་དང་རྫིང་བུ་གདེངས་ཀ་ནེའུ་གསིང་དང་། །མངར་གསུམ་ཀླུ་སྨན་རྒྱ་མཚོ་ཆེན་པོ་ལ། །མཛེས་པའི་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །ཡུལ་ཁམས་འདི་དག་ཆར་


CMR037_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགེངས་པར་མཛོད། །ཀླུ་ཆེན་བརྒྱད་ཀྱི་བཙུན་མོ་ཆར་པས་དངོས་གྲུབ་ཆར་འབེབས་ཞེས་བྱ་བའོ། །ཀླུ་ཡི་རྒྱལ་པོ་ཆར་འབེབས་འབྲུག་སྒྲ་སྒྲོག །རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགས། །ཀླུ་སྨན་ཀླུ་བཙན་ཀླུ་བདུད་གདོལ་པའི་རིགས། །ཀླུ་གཉན་ས་བདག་བྱེ་བ་དུང་ཕྱུར་ལ། །བདུད་རྩི་ཀླུ་ཤིང་འབྲུ་སྣ་གསུར་གྱི་བསང་། །ཀླུ་ཡིས་སྙིང་ནས་ཆར་དྲག་མྱུར་དུ་ཕོབ། །འབྱུང་བ་རིམ་བརྩེགས་རིན་ཆེན་གཞལ་ཡས་ཁང་། །བདུད་རྩིའི་རྫིང་བུ་དཔག་བསམ་ཤིང་གིས་བསྐོར། །དེ་དབུས་མ་ཧཱ་གསེར་གྱི་རུས་སྦལ་ཏེ། །ཀིཾ་ལས་ས་སྙིང་སྨྱུ་གུ་དྲིལ་འཛིན་དཀར། །ས་ཡི་ལྷ་མོ་བརྟན་མ་བུམ་འཛིན་དཀར། །ས་བདག་དབང་ཆེན་ཤྲཱི་བྷ་དྲ་སེར། །ཞལ་གཅིག་ར་བ་བཞི་ཡི་གདེངས་ཀ་ཅན། །ཕྱག་བཞི་ཐལ་སྦྱར་ལྗོན་ཤིང་རི་རབ་འཛིན། །དེ་ལས་འཇའ་སྤྲིན་བདུད་རྩིའི་ཆར་རྒྱུན་འབེབས། །སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་སྟེང་དུ་བཞུགས། །ལྟོ་འཕྱེ་ས་འཛིན་ལག་པ་ཆེན་པོ་སྔོ། །སྐུ་ལ་བདུད་རྩིའི་ཟིལ་པ་ན་བུན་འཁྲིགས། །ཀླུ་ཚོགས་ས་བདག་མང་པོའི་འཁོར་གྱིས་བསྐོར། །བྱམས་པའི་ཚུལ་གྱིས་ཆར་པ་འབེབས་ཕྱིར་


CMR037_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །ཀླུ་སྨན་མེ་ཏོག་ཤིང་ཐོག་སྣ་ཚོགས་དང་། །གསེར་དངུལ་གཟི་མཆོང་བཻཌུར་གཡུ་བྱུར་སོགས། །རིན་ཆེན་སྣ་ཚོགས་དཀོར་ནོར་ཁྲི་འབུམ་འབུལ། །རྩི་བཅུད་འབྲུ་སྣ་དྲི་བཟང་དུད་པས་བསང་། །སྟོང་གསུམ་ས་བཅུད་བསྡུས་ནས་གནས་འདིར་བསྟིམ། །སྲིད་པ་གསུམ་གྱི་ཆར་གཡང་ཀུན་བསྡུས་ལ། །སེམས་ཅན་འཆི་གསོས་བདུད་རྩི་ཆར་རྒྱུན་ཕོབ། །ཐེ་སེ་ཧལ་ཁྱི་བླ་མཁྱེན་ལྔ་སེར་དང་། །སྤར་སྨེ་ལོ་ཟླ་ཞག་དུས་ས་བདག་སོགས། །གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བཅས། །ས་བདག་བྲག་བདག་ཆུ་བདག་ཤིང་གི་བདག །ས་བདག་རྗེ་བློན་མ་ལུས་འཁོར་བཅས་ལ། །དཀར་གསུམ་མངར་གསུམ་ཀླུ་ཤིང་དུད་པས་བསང་། །ས་གཞི་འབྱུང་བའི་ཁུ་རླངས་ནམ་མཁར་འཕྱུར། །སྤྲིན་གྱིས་ཚོགས་གཉིས་ཆར་གྱི་རྒྱུན་ཆེན་ཕོབ། །གཞན་ཡང་རྒྱལ་ཆེན་སྡེ་བཞི་ཕྱོགས་སྐྱོང་བཅུ། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉེར་གཅིག་ཚེ་རིང་མཆེད་ལྔ་སོགས། །ཆེར་ལ་དབང་བའི་ལྷ་སྲིན་ཡུལ་ལྷ་ལ། །དམ་རྫས་གསེར་སྐྱེམས་ཀླུ་བཤོས་བརྒྱན་ལྡན་འབུལ། །དྲི་ཞིམ་འབྲུ་སྣ་གཡུ་ཤུག་གསུར་གྱི་བསང་། །ཞག་


CMR037_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་འགོར་ད་ལྟ་མྱུར་དུ་ཕོབ། །བདག་གི་ཆར་པ་འབེབས་ལ་བར་ཆོད་པའི། །ལྷ་འདྲེ་མི་གསུམ་སྡེ་བརྒྱད་ཡུལ་ལྷ་དང་། །རླུང་ལྷ་རླུང་གི་བདག་པོ་འབྱུང་པོའི་རིགས། །དཀར་ཕྱོགས་མི་དགའ་བསམ་ངན་གདུག་རྩུབ་ཅན། །འདོད་ཡོན་ལྔ་ལྡན་གསུར་གྱི་ཚིམས་གྱུར་ཅིག །སྔོན་ཚེ་ཐུབ་དབང་གསང་བདག་པད་འབྱུང་གི །དམ་ཚིག་གཉན་པོ་རྗེས་སུ་དྲན་མཛོད་ལ། །ཆར་ལ་བར་ཆད་མ་བྱེད་སྡོང་གྲོགས་མཛོད། །བཀའ་ལ་མི་ཉན་བར་ཆད་བགེགས་བྱེད་ན། །རིགས་གསུམ་མགོན་པོའི་ལྷ་ཚོགས་ཐུགས་ཁྲོས་ནས། །ལྕང་ལོ་ཅན་དུ་ཁྲོ་བོའི་ཆད་པས་སྡིག །དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བར་ལྟུང་། །ལུས་ངག་རྡུལ་ཕྲན་བརླགས་པར་གདོན་མི་ཟ། །དེ་བས་ས་ཕྱོགས་འདི་རུ་ཆར་ཕོབ་ཅིག །ཐུགས་རྗེའི་བྱིན་རླབས་ལྡན་རྣམས་དགོངས་སུ་གསོལ། །སེམས་ཅན་རྣམས་ལ་བརྩེ་བས་གཟིགས་མཛོད་ལ། །སངས་རྒྱས་དཀོན་མཆོག་བདེན་པས་ཆར་ཕོབ་ཅིག །དམ་ཆོས་དཀོན་མཆོག་བདེན་པས་ཆར་ཕོབ་ཅིག །དགེ་འདུན་དཀོན་མཆོག་བདེན་པས་ཆར་ཕོབ་ཅིག །རྒྱུ་འབྲས་བསླུ་མེད་བདེན་པས་ཆར་ཕོབ་ཅིག །བསང་གིས་


CMR037_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བརྔན་ཞིང་བདེན་པའི་སྟོབས་ཚིག་གིས། །ལྷ་ཚོགས་རྣམས་ཀྱིས་ཀླུ་གཉན་ཆར་ལ་བསྐུལ། །ནམ་མཁར་འབྲུག་སྒྲོག་སྤྲིན་དཔུང་ཆུ་དྲག་འཁྲུགས། །བར་སྣང་སྨུག་གཞོབ་ཆར་གྱིས་སྐྱོགས་ཆེན་ཕོབ། །ས་གཞི་ཐམས་ཅད་ཆུ་བོའི་རྒྱ་མཚོར་གྱུར། །དེ་ལྟར་ཕབ་པའི་བསངས་མཆོད་དགེ་བ་འདིས། །ཀླུ་གཉན་ས་བདག་ལྷ་སྲིན་མ་ལུས་པ། །ཐབ་གཞོབ་ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ནས། །ནད་མེད་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བྱེ་ཚན་མེ་ཆེན་བྱ་ཁྱུང་འཇིགས་པ་དང་། །ཤ་རུལ་མི་གཙང་མེ་རྡུལ་གནམ་ལྕགས་དུག༔ དཀར་ནག་འཁྲུག་རྩོད་འཇིགས་དང་བྲལ་གྱུར་ཅིག །ཞྭ་བོ་གྲུམ་པོ་མཛེ་ཕོ་ལུས་ངན་དང་། །ཀླུ་ནད་མི་རུང་སྣ་ཚོགས་ཞི་གྱུར་ཅིག །ཀླུ་རྣམས་བཀྲག་མདངས་གཟི་བརྗིད་ལྡན་གྱུར་ནས། །སྦྲུལ་མགོ་གདེངས་ཀ་དཔལ་འབྱོར་རྒྱས་གྱུར་ཅིག །ལོངས་སྤྱོད་ཆར་གྱི་རྒྱུན་ལ་དབང་གྱུར་ནས། །ས་གཞི་འབྱུང་བའི་སྟོབས་རྣམས་འཕེལ་གྱུར་ཅིག །རྩྭ་ཤིང་རྩི་བཅུད་ལོ་འདབ་རྒྱས་གྱུར་ནས། །སེམས་ཅན་མུ་གེའི་འཇིགས་པ་ཞི་གྱུར་ཅིག །འབྲས་བུ་ལོ་ཏོག་ཕུན་སུམ་ཚོགས་གྱུར་ནས། །མི་རྣམས་བདེ་སྐྱིད་ལོངས་


CMR037_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྒྱས་གྱུར་ཅིག །ཚད་པས་གདུང་བའི་འབུ་སྲིན་སེམས་ཅན་ལ། །མི་འཇིགས་སྐྱབས་ཀྱིས་སྦྱིན་པར་འགྱུར་བར་ཤོག །ཀླུ་གཉན་ས་བདག་ཡིད་གཟུགས་ཐམས་ཅད་ལ། །དམ་པ་ཆོས་ཀྱི་སྦྱིན་པ་འབྱུང་བར་ཤོག །ཆར་པས་ཁྱབ་པའི་སེམས་ཅན་མ་ལུས་ཀུན། །ལུས་རྟེན་འདི་ལ་མངོན་པར་སངས་རྒྱས་ཤོག །ཅེས་པ་༧ རཱ་ག་ཨ་སྱས་སོ། །བསང་ཞོར་ཆར་འབེབས་ཕྲིན་བཅོལ་ལོ། །འདི་བྲིས་དགེ་བས་སེམས་ཅན་ཐམས་ཅད་ལ། །འཛད་མེད་ཆར་གྱིས་རྒྱུན་ལ་མངའ་བརྙེས་ནས། །འགྲོ་ཀུན་མུ་གེའི་འཇིགས་དང་བྲལ་བར་ཤོག །ཀླུ་གཏོར་གཏོར་ཆུ་དཀར་གཏོར་ཀླུ་སྨན་ཕུལ་བ་ཐམས་ཅད་ཆུ་མིག་ཏུ་འཕང་ངོ་། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆར་འབེབས་བསང་མཆོད་བདུད་རྩི་སྤྲིན་ཕུང་འཁོར་བའི་སེམས་ཅན་ཚ་གདུང་སེལ་བའི་དངོས་གྲུབ་ཆུ་རྒྱུན།next