Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་བདག་དགེ་བསྙེན་ཆེན་པོའི་བསང་མཆོད།
   
   
   
   
   
   
   
   
   
   
   
   


 
previousཆུ་བདག་དགེ་བསྙེན་ཆེན་པོའི་བསང་མཆོད།next

ཆུ་བདག་དགེ་བསྙེན་ཆེན་པོའི་བསང་མཆོད།


CMR037_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བདག་དགེ་བསྙེན་ཆེན་པོའི་བསང་མཆོད་བཞུགས་སོ། །ན་མོ། སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ལ། །བདག་དང་བསྲུང་བྱ་ཐམས་ཅད་སྐྱབས་སུ་མཆི། །འཇིག་རྟེན་བདེ་ཕྱིར་བསངས་དང་མཆོད་པ་བརྩམས། །ཆོས་ཀུན་མི་དམིགས་ཡེ་ནས་རྫོགས་པ་ཆེ། །དེ་ཡི་ངང་ལས་རང་ཉིད་སྐད་ཅིག་ལས། །རྡོ་རྗེ་གྲོ་ལོད་སྨུག་ནག་ཞི་མ་ཁྲོ། །ཐོར་ཚུགས་སྤྱན་གསུམ་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །ཕོད་ཁ་ཆོས་གོས་མི་མགོའི་ཕྲེང་བས་བརྒྱན། །སྟག་མོ་སྦྲུམ་མའི་སྟེང་དུ་འདོར་ཐབས་བསྒྲད། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས། །བསང་མགྲོན་ཀུན་ཀྱང་ནམ་མཁར་སྤྱན་དྲངས་གྱུར། །ཀྱི་དགེ་བསྙེན་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །དུ་བའི་ཟེགས་མ་རེ་རེའི་ཆ་ཤས་ལ། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫ་ས་རྟགས་བརྒྱད། །དེ་འདྲའི་དཔག་མེད་བསང་མཆོད་དམ་པ་འདིས། །སྔོན་ཚེ་གསང་བའི་བདག་དང་པད་འབྱུང་གི་


CMR037_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་དམ་ལ་བཏགས་པའི་དམ་ཚིག་ཅན། །ས་བརྒྱད་ནོན་པའི་སེམས་དཔའི་ཀླུ་ཡི་གཟུགས། །དུང་སྐྱོང་སྲས་པོ་ནེ་ལེ་ཐོད་དཀར་བསང་། །ངོ་བོ་གཅིག་ལ་ཡུལ་བཞུགས་སོ་སོའི་མིང་། །དབུ་རུ་བྱང་གི་དགེ་བསྙེན་ཐང་ལྷ་བསང་། །ལྕི་ཤོད་མཁོར་ནག་རྡོ་རྗེ་རྒྱལ་པོ་བསང་། །ཕོ་མོ་རྫོང་རིང་ཀླུ་བདུད་མགོ་དགུ་བསང་། །ལྷོ་སྟོད་དབུ་རའི་སྐུ་ལྷ་མཁར་རི་བསང་། །ལྷོ་རྒྱབ་བདུད་པོ་ཟླ་བའི་མདངས་ཅན་བསང་། །མོན་ཁ་རིང་མོའི་བདུད་པོ་བཀྲག་མེད་བསང་། །སེངྒེ་རྫོང་གསུམ་ཟུ་ར་ར་སྐྱེས་བསང་། །ལྷོ་བྲག་མཁར་ཆུའི་དགེ་བསྙེན་སྨྱོ་ཁ་བསང་། །དྲི་ཟའི་ཡུལ་ནས་ཟུར་ཕུད་ལྔ་པ་བསང་། །ཁམས་ཀྱི་ཕྱོགས་ནས་ཉ་ཆེན་ནག་འདོང་བསང་། །འཁོར་དང་སྤྲུལ་པས་བོད་ཁམས་ཡོངས་ལ་ཁྱབ། །ལྕི་ཡི་ཀླུ་རྒྱལ་དྲག་པོ་བདུད་འདུལ་བསང་། །ངོམ་གྱི་དགེ་བསྙེན་རྡོ་རྗེ་རྒྱལ་པོ་བསང་། །ལྕི་ངོམ་མཚམས་ཀྱི་བླ་མཚོ་དམར་ནག་བསང་། །བཞུགས་ཚེ་སྤྲུལ་པ་སྣ་ཚོགས་མ་ངེས་ཀྱང་། །ཞི་བའི་ཚུལ་དུ་སྤྲུལ་པ་མཛད་པའི་ཚེ། །མི་དཀར་ཆས་བཟང་འཁོར་གསུམ་ཞྭ་དཀར་ཅན། །ཕྲུག་དཀར་གོས་ལ་ཟ་འོག་གོང་ལག་ཅན། །སྟག་དོང་


CMR037_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཟིག་ཤུབས་དཔའ་བོའི་ཆས་དང་ལྡན། །ཆིབས་སུ་རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །སྤྲུལ་པ་ཉ་ཆེན་དཀར་པོའི་ཆུ་བོ་གང་། །འཁོར་ནི་རང་འདྲ་རྒྱན་ལྡན་རྟ་དཀར་ཅན། །བཅུ་གཉིས་དང་བཅས་ཡང་འཁོར་བསམ་མི་ཁྱབ། །འདིར་གཤེགས་བསང་དང་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང། །ཕོག་ཐུག་འགྲམ་འཁྲུག་གང་བྱུང་མཐོལ་ཞིང་བཤགས། །རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ལ། །ཀུ་རེ་ཀྱལ་ཀ་གནོད་འཚེ་མ་མཛད་པར། །རྟག་ཏུ་ཁ་འཛིན་སྡོང་གྲོགས་སྲུང་སྐྱོབ་མཛོད། །མི་ནོར་ལོ་ཕྱུག་འབྲུ་རྣམས་འཕེལ་བ་དང་། །ཀླུ་གཡང་དངོས་གྲུབ་སྣ་ཚོགས་ཆར་ལྟར་ཕོབ། །ཁྱེད་ནི་ཡུལ་གྱི་གནས་པ་ཡུལ་གྱི་ལྷ། །ངེད་རྣམས་ཡུལ་འདིར་སྡོད་པའི་ཡུལ་གྱི་མི། །མིས་ཀྱང་ལྷ་ལ་དུས་སུ་མཆོད་པ་དང་། །ལྷས་ཀྱང་མི་ལ་ཁ་འཛིན་མ་གཡེལ་ཅིག་།གནས་མགྲོན་གཉིས་ཀྱི་དམ་ཚིག་ཐུབ་པར་སྲུངས། །སློབ་དཔོན་པདྨའི་བཀའ་ལ་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀརྨ་ཨ་རཱ་གས་སྦྱར་བའོ།། །།


previousཆུ་བདག་དགེ་བསྙེན་ཆེན་པོའི་བསང་མཆོད།next