Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས།
   
   
   
   
   
   
   
   
   
   


 
previousམདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས།next

མདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས།


CMR037_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས་བཞུགས་སོ། །


CMR037_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཡེ་ཐོག་དང་པོའི་བསྐལ་པ་ལ༔ དཔལ་ཆེན་ཀུན་བཟང་ཧེ་རུ་ཀས༔ མྱོས་བྱེད་རྫས་ཀྱི་སྦྱོར་བ་གསུངས༔ འབྲུ་མཆན་བསིལ་དྲོད་བསྡེབས་པ་ལ༔ བདུད་རྩི་སུ་ར་ཆང་དུ་སྲིད༔ ལྷ་འདྲེ་མི་གསུམ་མྱོས་པའི་རྫས༔ བཏུང་བས་ཆང་བས་ངོ་ཆེ་མེད༔ ནོར་ལ་གསེར་བས་རིན་ཆེ་མེད༔ ཆང་དང་གསེར་གཉིས་སྦྱར་བ་འདི༔ འཇིག་རྟེན་སྲིད་པའི་མཆོད་རྫས་མཆོག༔ འཇིག་རྟེན་འདས་དང་མ་འདས་པའི༔ ལྷ་དང་སྲུང་མ་ཐམས་ཅད་མཆོད༔ ནམ་མཁའི་མཐར་ཐུག་ཆོས་ཀྱི་དབྱིངས༔ སངས་རྒྱས་བྱང་སེམས་འཁོར་གྱི་ཚོགས༔ དུས་


CMR037_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུས་མེད་ཐམས་ཅད་དུ༔ ཏིལ་གྱི་སྒང་བུ་ཁ་ཕྱེས་བཞིན༔ དག་པའི་སྣང་ངོར་རྟག་ཏུ་བཞུགས༔ གསེར་སྐྱེམས་ཡེ་ཤེས་བདུད་རྩིས་མཆོད༔ བདག་དང་ཡོན་བདག་བྱིན་གྱིས་རློབས༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས༔ སྐྱོང་ཞིང་བསྟན་པ་བསྲུང་མཛད་པའི༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ ཡུལ་ཆེན་ཉི་ཤུ་རྩ་བཞི་དང་༔ གནས་ཆེན་སུམ་ཅུ་སོ་གཉིས་དང་༔ དུར་ཁྲོད་ཆེན་པོའི་ཚལ་བརྒྱད་ལ༔


CMR037_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་དཔའ་བོ་མཁའ་འགྲོ་དང་༔ ཕྱོགས་སྐྱོང་ཞིང་སྐྱོང་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད༔ ལྷ་ཆེན་བཙུན་མོ་བློན་པོའི་ཚོགས༔ དུས་མཚན་ཆེན་མོ་གྲུལ་བུམ་དང་༔ ཀླུ་གཉན་བ་དན་ཁྲ་བོ་དང་༔ ཙང་ཀུན་འཕྱེ་བོ་སྒྲ་གཅན་སོགས༔ ཀོ་ལོང་སྡོམ་པའི་སྟོབས་ལྡན་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ གལ་ཏེ་ཐུགས་ལ་ཕོག་ན་ཡང་༔ ཁྱེད་ལ་བསྡོ་བ་མ་ཡིན་པས༔ ལེ་ལན་དགྲ་དང་བགེགས་ལ་ཕོབ༔ རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ ལོ་ལ་འཁོར་བའི་ས་བདག་ཚོགས༔ ཐེ་སེ་ཧལ་ཁྱི་བླ་མཁྱེན་སོགས༔ ས་བདག་རྗེ་བློན་བཅུ་བདུན་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ་མདོས་དང་ཟོར་གྱི་ལམ་ཕྱེས་ཤིག་གལ་ཏེ་གདོང་ལ་བབ་གྱུར་ན༔ ཀོ་ལོང་དགྲ་དང་བགེགས་ལ་མཛོད༔ གནམ་ལྷ་སེར་ནག་སྒྲོམ་བུ་དང་༔ འཕར་བ་མགོ་དགུ་བྱི་ལམ་སོགས༔ ཟླ་འཁོར་ས་བདག་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ གལ་ཏེ་ཉེས་འགལ་བྱུང་སྲིད་ན༔ ལེ་ལན་


CMR037_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དང་བགེགས་ལ་ཕོབ༔ བདག་གི་མགོན་དང་གྲོགས་མཛོད་ཅིག༔ རྣལ་འབྱོར་མ་བརྒྱུད་གཟའ་ཆེན་བརྒྱད༔ བིཥི་པི་ལིང་ལྔ་སེར་དང་༔ གསེར་མཛོད་སེར་པོ་ལ་སོགས་པ༔ ཞག་ལ་རྒྱུ་བའི་ས་བདག་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ གལ་ཏེ་ཉེས་འགལ་བྱུང་སྲིད་ན༔ ཉེས་ལེན་དགྲ་དང་བགེགས་ལ་ཕོབ༔ རྣལ་འབྱོར་བདག་གིས་གྲོགས་མཛོད་ཅིག༔ རིགས་ལྔའི་མཁའ་འགྲོ་གཙོ་དང་འཁོར༔ གཟའ་བརྒྱད་འཕར་བ་གོང་རྒྱུག་བརྒྱད༔ ཟིན་ཕུང་གཡུ་མཛོད་སྔོན་པོ་སོགས༔ དུས་ཚོད་རྒྱུ་བའི་ས་བདག་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ གལ་ཏེ་གདོང་ལ་བབ་གྱུར་ན༔ ཉེས་ལེན་དགྲ་དང་བགེགས་ལ་མཛོད༔ འགལ་འཁྲུལ་ཕོག་ཐུག་བྱུང་སྲིད་ན༔ རྩུབ་འཁྲུགས་བཀའ་ཆད་དགྲ་ལ་ཕོབ༔ རྣལ་འབྱོར་བདག་གི་མགོན་མཛོད་ཅིག༔ དབང་ཕྱུག་གཟའ་ཀླུ་སྡེ་བརྒྱད་ལ༔ ཕུར་འདེབས་དྲག་ལས་གཏད་མནན་སོགས༔ ལྡོག་པའི་དུས་ལ་བབ་གྱུར་ཀྱང་༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཟས་


CMR037_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་དེ་ཁྱོད་ཀྱིས་མཛོད༔ ལྡོག་པའི་ཉེས་སྐྱོན་ཐམས་ཅད་ནི༔ དགྲ་དང་བགེགས་ཀྱི་སྟེང་དུ་སྒྱུར༔ བདག་གི་དཔལ་དང་མགོན་མཛོད་ཅིག༔ རྗེ་ཡི་མགུར་ལྷ་བཅུ་གསུམ་དང་༔ བརྟན་སྐྱོང་ཡ་མ་བཅུ་གཉིས་དང་དགེ་བསྙེན་ཉི་ཤུ་རྩ་གཅིག་སོགས༔ གངས་ཅན་བོད་ཀྱི་སྲུང་མ་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ རྣལ་འབྱོར་བདག་གི་དཔུང་རོགས་མཛོད༔ ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི༔ ཡུལ་ལྷ་གཞི་བདག་ཐམས་ཅད་དང་༔ ཁྱད་པར་མདོས་གཏོར་འཕེན་ཕྱོགས་ཀྱི༔ གདོང་ལ་གནས་པའི་གཟུགས་ཅན་རྣམས༔ ལྷ་སྲིན་འབྱུང་པོ་ཐམས་ཅད་ཀུན༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་ཆུམས༔ བར་པ་རྣམས་ཀྱི་སྐུ་གཟུར་ཅིག༔ གཡས་སུ་ཡོད་པ་གཡས་སུ་གཟུར༔ གཡོན་དུ་ཡོད་པ་གཡོན་དུ་གཟུར༔ ན་བཟའ་ལྷབ་ལྷུབ་མཐུ་བ་བསྡུས༔ ཕོ་བྲང་རྣམས་ཀྱང་སྒོ་ཆོད་ལ༔ ཅེ་རེ་ལྟ་བའི་སྤྱན་རྣམས་གཡོར༔ ཀྲོག་གེ་ཉན་པའི་སྙན་རྣམས་གཡོར༔


CMR037_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མདོས་གཏོར་ཟོར་ཕོག་ན༔ ང་ནི་མ་ཉེས་མ་ལེན་ནོ༔་ཉེས་ལེན་དགྲ་དང་བགེགས་ལ་ཕོབ༔ དཀོན་མཆོག་བདེན་པའི་བཀའ་མ་བཅག༔ རྣལ་འབྱོར་བདག་གི་དམ་མ་བཀྲལ༔ མཆོད་པའི་ངོ་ཅིག་ཁྱེད་ཀྱིས་གྱིས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་མདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས་ཉེ་གནས་དགེ་སློང་སྦྱིན་པས་བསྐུལ་བ་ལ་བརྟེན་ནས༔ སྔགས་རྒན་རཱ་ག་ཨ་སྱས་སྨྲས་པ་ལྟར༔ བསྐུལ་བ་པོས་ཡི་གེ་བྲིས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས།next