Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདིར་ཡུལ་སྐྱོང་གཉན་པོ་ཙཱ་རི་ཞིང་སྐྱོང་ལ་གསེར་སྐྱེམས།
   
   
   
   
   
   
   


 
previousའདིར་ཡུལ་སྐྱོང་གཉན་པོ་ཙཱ་རི་ཞིང་སྐྱོང་ལ་གསེར་སྐྱེམས།next

འདིར་ཡུལ་སྐྱོང་གཉན་པོ་ཙཱ་རི་ཞིང་སྐྱོང་ལ་གསེར་སྐྱེམས།


CMR037_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡུལ་སྐྱོང་གཉན་པོ་ཙཱ་རི་ཞིང་སྐྱོང་ལ་གསེར་སྐྱེམས་འབུལ་བར་འདོད་ན། རིན་པོ་ཆེའི་སྣོད་དུ་ཇ་ཆང་གི་ཕུད་གང་འབྱོར་བཤམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཀྱཻ། རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །གྲུབ་བརྙེས་རྩ་བརྒྱུད་བླ་མ་རིམ་བྱོན་གྱི། །བཀའ་དམ་རྡོ་རྗེའི་ཐ་ཚིག་གཙུག་འཆང་བའི། །ཡུལ་སྐྱོང་ཆེན་པོ་མཐུ་དང་རྩལ་ལྡན་པ། །གནས་མཆོག་ཙཱ་རི་གཉན་པོའི་བཀའ་སྲུང་བ། །ལྷ་གཉན་ཞིང་སྐྱོང་མོ་ནོ་འཁོར་དང་བཅས། །མ་ཐོགས་མྱུར་གཤེགས་དགྱེས་པའི་གདན་ལ་བཞུགས། །མཁའ་སྤྱོད་དག་པའི་གནས་མཆོག་ཙཱ་རི་ཏྲ། །དཔལ་གྱི་གནས་མཆོག་བསྟན་པ་རྒྱས་པ་ལ། །གནས་པའི་མཆོག་གསུམ་དཔའ་བོ་མཁའ་འགྲོ་ལ། །གསེར་སྐྱེམས་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །གནས་མཆོག་དེ་ཡི་བཀའ་སྲུང་ཞིང་སྐྱོང་བ། །མཐུ་དང་རྩལ་ལྡན་མོ་ནོ་གཉན་པོ་ལ། །གསེར་སྐྱེམས་འབུལ་ལོ་ལས་བཞིའི་སྡོང་གྲོགས་མཛོད། །སྐུ་ཡི་དགྱེས་མཆོག་གསང་བའི་རྒྱལ་མོ་དང་། །གཡུ་མཚོ་ལ་གནས་


CMR037_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྨན་ཇི་སྙེད་ལ། །གསེར་སྐྱེམས་འབུལ་ལོ་ཀླུ་གཡང་དངོས་གྲུབ་སྩོལ། །བཀའ་ཡི་བློན་པོ་ཕྲིན་ལས་སྒྲུབ་པའི་བདག །མྱུར་མགྱོགས་སྒོམ་ཆེན་སྒམ་ཆུང་གཉིས་པོ་ལ། །གསེར་སྐྱེམས་འབུལ་ལོ་ཕྲིན་ལས་མྱུར་དུ་སྒྲུབས། །གཞན་ཡང་གཡས་གཡོན་མདུན་རྒྱབ་ལ་གནས་པའི། །རྒྱབ་རྟེན་རུ་འདྲེན་འཁོར་ཚོགས་རྒྱ་མཚོ་ལ། །གསེར་སྐྱེམས་འབུལ་ལོ་བསམ་དོན་འགྲུབ་པར་མཛོད། །རྒྱལ་བསྟན་སྙིང་པོ་གསང་སྔགས་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་ཕྲིན་ལས་རྒྱས་པར་མཛོད། །ཡུལ་ཁམས་སྤྱི་དང་བྱེ་བྲག་ལྗོངས་འདི་རུ། །མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན་ཞི་ནས། །བདེ་སྐྱིད་དཔལ་གྱིས་འཚོ་བར་མཛད་དུ་གསོལ། །ཁྱད་པར་རྣལ་འབྱོར་བདག་གིས་གང་བཅོལ་བའི། །ལས་བཞིའི་ཕྲིན་ལས་མ་གཡེལ་མྱུར་དུ་སྒྲུབས། །ཕུན་ཚོགས་དགེ་ལེགས་དཔལ་གྱིས་རབ་འཚོ་བའི། །བསམ་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་ཡུལ་མི་རྣམས་ལ་ཕན་བདེ་འབྱུང་བའི་ཕྱིར་དུ་༧ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་དགེ་ལེགས་འཕེལ།། །། ༈ ཀྱཻ། རིན་ཆེན་མཆོང་གི་གཡའ་རི་ནས། །མོ་ནོ་མི་སྨུག་སྦྲུལ་རལ་ཅན། །སྐུ་མདོག་ལྗང་


CMR037_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སེར་འོད་དང་ལྡན། །དྲེལ་སྔོན་ཆས་ལྡན་མོ་ཐིག་དཀར། །བུད་མེད་རྒྱན་ཅན་མང་པོའི་བསྐོར། །ཀླུ་གཉན་མོ་ནོ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཀར་གསུམ་ཇ་ཆང་འབྲུ་སྣའི་མཆོད། །རབ་ཏུ་མཉེས་ཤིང་ཚིམས་གྱུར་ནས། །ཕོག་ཐུག་གང་བྱུང་བཟོད་པར་གསོལ། །ན་ཚ་གོད་ཁ་མ་བཏང་ཞིག །བཙའ་སད་སེར་བ་མ་བཏང་ཞིག །ལོ་ལེགས་ཡུལ་ཕྱོགས་བདེ་བ་དང་། །རང་རང་ཇི་ལྟར་ནུས་པ་ཡིས། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །ཨོཾ་ཨ་ཏི་ཧྲཱིཿམོ་ནོ་རུ་རུ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཆར་འབོད་སྐབས་སུ་ཨ་རཱགས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའདིར་ཡུལ་སྐྱོང་གཉན་པོ་ཙཱ་རི་ཞིང་སྐྱོང་ལ་གསེར་སྐྱེམས།next