Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དགོངས་པ་འདུས་པ་ལས། རླུང་རྟ་བསྐྱེད་པའི་མན་ངག
   
   
   
   


 
previousབླ་མ་དགོངས་པ་འདུས་པ་ལས། རླུང་རྟ་བསྐྱེད་པའི་མན་ངགnext

བླ་མ་དགོངས་པ་འདུས་པ་ལས། རླུང་རྟ་བསྐྱེད་པའི་མན་ངག


CMR037_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པ་ལས། རླུང་རྟ་བསྐྱེད་པའི་མན་ངག་བཞུགས། ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། འཇམ་དཔལ་གྱིས་གསུངས་པའི་རྩིས་གཞུང་རྣམས་ལས། རླུང་རྟ་རྒུད་ན་དགྲ་དང་མི་ཁ་ལྡང་། །ཅི་བསམ་ལམ་དུ་མི་འགྲོ་ལོག་པར་འགྲོ། །དེ་ལ་རླུང་རྟ་བསྐྱེད་པའི་མན་ངག་གཅེས། །རྙིང་མའི་མདོ་སྡེ་དགོངས་འདུས་ཞེས་པ་ནས། །རླུང་རྟ་བསྐྱེད་ཐབས་དར་ལྕོག་མཆོག་ཡིན་གསུངས། །དེ་ཡི་མན་ངག་ལག་ཏུ་བླང་བྱ་ནི། །རླུང་རྟ་རང་མདོག་གམ་ནི་མ་མདོག་སྟེ། །སྟག་རྟ་ཁྱི་གསུམ་ལོ་པར་དར་ལྕོག་དཀར། །དར་ལྕེ་རྣམས་ནི་ཁ་དོག་སེར་པོ་བྱ། །ཕག་ལུག་ཡོས་གསུམ་ལོ་པར་དར་ལྕོག་དམར། །དེ་ལ་དར་ལྕེ་ལྗང་གུ་བཏགས་པར་བྱ། །བྱི་འབྲུག་སྤྲེལ་གསུམ་དར་ལྕོག་ལྗང་གུ་བྱ། །དར་ལྕེ་རྣམས་ནི་སྔོན་པོ་བྱ་བ་ཡིན། །བྱ་གླང་སྦྲུལ་གསུམ་དར་ལྕོག་སྔོན་པོ་སྟེ། །དར་ལྕེ་རྣམས་ནི་དཀར་པོ་བྱ་བ་ཡིན། །ཀུན་ཀྱང་སྟེང་གི་གོང་བ་སྔོན་པོ་བྱ། །དེ་ལ་ཉི་ཟླའི་གཟུགས་ཀྱི་ལྷན་པོ་བྱ། །སྨད་ཀྱི་ཤམ་ནི་སེར་པོ་ས་གཞི་མཚོན། །རྒྱན་གྱི་གོང་བ་དར་ལྕེའི་ཁ་དོག་མཐུན། །དེ་ཉིད་རླུང་རྟ་མ་ཡི་ཁ་དོག་ཡིན། །འབྱུང་བའི་མ་དེས་བུ་ནི་


CMR037_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཕྱིར་རོ། །དར་ལྕོག་རང་གི་རླུང་རྟའི་མདོག་ཡིན་ནོ། །དེ་ནས་དེ་ལ་བྲི་བའི་སྔགས་རྣམས་ནི། །རབ་ནི་རྒྱ་སྣག་འབྲིང་སྣག་ཚ་གཙང་མས་བྲི། ཨོཾ་ཨ་ར་པ་ཙ་ན་དྷི། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་སྔགས། ཨོཾ་པདྨ་ཚིནྡ་མ་ཎི་ཛཱ་ལ་ཧཱུྃ། དེ་ཉིད་མང་དུ་བྲིས་ན་ལེགས་པ་ཡིན། །ཨོཾ་བཛྲ་པཱ་ཎི་ཧཱུྃ། དེ་ནས་རླུང་རྟ་བསྐྱེད་པར་བྱ་བའི་སྔགས། ཧེ་ཧེ་སྟག་སེང་ཁྱུང་འབྲུག་ལྡིར་ཡར་བསྐྱེད། ཀུན་འདུས་སརྦ་འདུས་འདུས་ཧོ། ཨོཾ་བེ་ཤཱ་མ་ཎ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། བདག་ལ་སརྦ་སིདྡྷི་སིདྡྷི་ཧཱུྃ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ས་མ་ཡ་དུ་རུ་ཙ་ཤ་ན་སརྦ་སིདྡྷི་ཧཱུྃ་ཨཱ༔ ཡང་དེ་དང་འདྲ་མིན་ལ། ཧེ་ཧེ་སྟག་སེང་ཁྱུང་འབྲུག་ལྡིར་ཡར་བསྐྱེད། །ཀུན་འདུས་སརྦ་འདུ་འདུ་ཧོ། །སྔགས་ནི་དེ་ཉིད་ཅི་འགྲུབ་བྲི། །དེ་ཡི་མཇུག་ཏུ་འདོད་གསོལ་བྲི། རླུང་རྟ་ཡར་ལ་བསྐྱེད་པར་མཛད་དུ་གསོལ། །སྲོག་ལུས་དབང་ཐང་རླུང་རྟ་དར་ཞིང་རྒྱས་པར་ཤོག །མངྒ་ལཾ་སརྦ་སིདྡྷི་ཧཱུྃ། ཞེས་བྲི་རབ་གནས་བྱེད་པ་ནི། །རྟེན་འབྲེལ་སྙིང་པོ་བརྗོད་པའམ། །ཡང་ན་བྲིས་པའི་སྔགས་དེས་སྔགས། །ཤུག་པ་ལ་སོགས་དྲི་བཟང་ཤིང་། །རྩེ་མོར་ནོར་བུའི་ཏོག་གི་གཟུགས། །མགོ་མཇུག་མ་ལོག་པ་རུ་བསྒྲོན། །དར་ལྕོག་རབ་ནི་ལུས་ཚད་ཡིན། །འབྲིང་ནི་མདའ་ཚད་ཐ་མ་གྲུ་གང་ཡིན། །


CMR037_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་ཚེས་གྲངས་བཟང་པོ་ལ། །སྦྲ་གུར་ཁང་པ་གང་ཡིན་གྱི། །རང་གི་ལོ་ལྷའི་ཕྱོགས་སུ་འཛུགས། །ཡང་ན་དགོན་སྡེ་ཚོང་འདུས་སམ། །གནས་རི་བཟང་པོ་རྣམས་སུ་འཛུགས། །ལྷ་འདྲེ་གདུག་པ་ཅན་གནས་སར། །དར་ལྕོག་མི་འཛུགས་ཕྲག་དོག་ཡོངས། །མི་རིགས་དུ་མ་འདུས་པའི་སར། །རླུང་རྟ་བསྐྱེད་པའི་རྟེན་བཙུགས་སོ། །རླུང་རྟ་རྒུད་པས་ཁ་སྨྲས་མང་། །དེ་འདྲར་དར་ལྕོག་གར་བཙུགས་པས། །ཕན་ཐོགས་འབྱུང་དགའ་མྱོང་བས་གྲུབ། །འབྲུ་རྗེ་དཀར་པོའི་འཁོར་ལོ་འདི། །རྒྱལ་པོ་རཏྟ་རཱ་ཛ་ཡི་་ནང་ཆེན་དཀོན་མཆོག་རྒྱལ་པོ། བཀའ་ཡིས་ཟུར་ཙམ་བསྐུལ་བའི་ཕྱིར། །རཱ་ག་ཨ་སྱས་སྨྲས་པ་ལྟར། །དགེ་སློང་ཡེ་ཤེས་ཞེས་བྱས་བྲིས། །འགྲོ་བ་ཀུན་ལ་ཕན་པར་ཤོག །སརྦ་མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དགོངས་པ་འདུས་པ་ལས། རླུང་རྟ་བསྐྱེད་པའི་མན་ངགnext