Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
གནམ་ཆོས་མདོས་འབུམ་ལ་ཉེ་བར་མཁོ་བའི་བདག་བསྐྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་མདོས་འབུམ་ལ་ཉེ་བར་མཁོ་བའི་བདག་བསྐྱེད།next

གནམ་ཆོས་མདོས་འབུམ་ལ་ཉེ་བར་མཁོ་བའི་བདག་བསྐྱེད།


CMR038_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་མདོས་འབུམ་ལ་ཉེ་བར་མཁོ་བའི་བདག་བསྐྱེད་ནི། མདུན་རྟེན་ཆུ་གཉིས་ཉེར་སྤྱོད་གང་དགོས་བཤམས། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས། སོགས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་། སོགས་ལན་གསུམ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་སྐད་ཅིག་གིས། །པཾ་ལས་པདྨ་ཨ་ལས་ཟླ་བ་ཡི། །སྟེང་དུ་རང་རིག་ཡི་གེ་དྷིཿ །དམར་སེར་ཚེག་དྲག་ལྡན་པ་ལས། །འོད་འཕྲོས་འཕགས་པའི་ཚོགས་ལ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་པས། །རང་ཉིད་འཇམ་དཔལ་གཞོན་ནུར་གྱུར། །སྐུ་མདོག་དམར་སེར་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་ཤེས་རབ་ཀྱི། །རལ་གྲི་ཕྱར་ཐབས་གཡོན་མེ་ཏོག །ཨུཏྤལ་འདབ་མ་སྙན་བྱེའི་སྟེང་། །སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས། །དར་དང་རིན་ཆེན་རྒྱན་སྤྲས་པའི། །དཔྲལ་བར་ཨོཾ་ལ་མགྲིན་པར་ཨཱ། །ཐུགས་ཀར་ཧཱུྃ་སྔོན་འོད་འཕྲོས་པས། །སེམས་ཅན་ཡོངས་ཀྱི་མ་རིག་བསལ། །ཤེས་རབ་ཡེ་ཤེས་སྣང་བ་རྒྱས། །འོད་ཟེར་ཚུར་འདུས་རང་ལ་ཐིམ། །མཆོག་ཐུན་དངོས་གྲུབ་ཐོབ་པར་


CMR038_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཅེས་བཟླས་པ་ནི། ན་མོ་མཉྫ་ཤྲི་ཡེ་ཀུ་མཱ་རཱ་བྷུ་ཏཱ་ཡ་བྷྱོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ་ཤུདྡྷེ་བི་ཤུདྡྷེ་ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ་རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་། ཨོཾ་ཨ་ར་པ་ཙ་ན་དྷི༔ སོགས་བཟླས་མཐར། ཨརྱ་མཉྫ་བྲི་ཨནྡྷཾ་སོགས་ཀྱིས་མཆོད། །གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་ཕྲིན་ལས་བཅོལ་ལོ། །དགེའོ།། །།


previousགནམ་ཆོས་མདོས་འབུམ་ལ་ཉེ་བར་མཁོ་བའི་བདག་བསྐྱེད།next