Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས་ཉེ་བར་མཁོ་བའི་གཏོ་འབུམ་དྲུག་ཅུ་རྩ་གཉིས་ཕན་བདེའི་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས་ཉེ་བར་མཁོ་བའི་གཏོ་འབུམ་དྲུག་ཅུ་རྩ་གཉིས་ཕན་བདེའི་རྒྱ་མཚོ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས་ཉེ་བར་མཁོ་བའི་གཏོ་འབུམ་དྲུག་ཅུ་རྩ་གཉིས་ཕན་བདེའི་རྒྱ་མཚོ།


CMR038_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས་ཉེ་བར་མཁོ་བའི་གཏོ་འབུམ་དྲུག་ཅུ་རྩ་གཉིས་ཕན་བདེའི་རྒྱ་མཚོ་བཞུགས་སོ།།


CMR038_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། །སྙན་བརྒྱུད་ཟབ་མོའི་ཆ་ལག་གི །ཉེ་བར་མཁོ་བའི་གཏོ་འབུམ་ནི། །ཐོག་མར་གསོལ་འདེབས་སྐྱབས་སེམས་བྱ། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་བྱ། བདག་བསྐྱེད་བྱ། གླུད་མདོས་གང་ཡིན་དམིགས་ལ་མཆོད་སྦྱིན་སྦྱང་སྤེལ་བྱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་ཧཱུྃ་ཡིག་ཡོངས་གྱུར་པའི། །རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་དུ་ནི། །ཡིད་འོང་


CMR038_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ལྡན་ངར་གྱི་མི་བོ་ཆེ། །ཁམས་དང་སྐྱེ་མཆེད་དབང་པོ་རྣམ་ལྔ་ཚང་། །རེ་རེ་ལ་ཡང་བརྒྱ་སྟོང་གྲངས་མེད་གྱུར། །འདོད་ཡོན་ལྔ་ལྡན་ལོངས་སྤྱོད་ཟད་མེད་པས། །རང་རང་མཁོ་དགུའི་དཔལ་དང་ལྡན་པར་གྱུར། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་པ། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ༴ སོགས་ལན་གསུམ་བརྗོད། རྒྱས་པར་གྲུབ་ན། བདག་ཉིད་བཅོམ་ལྡན་ཤཱཀྱ་སོགས་གཞན་ནས་འབྱུང་བ་ལྟར་བརྗོད། བསྡུ་ན་དཀྱུས་བཞིན་བྱ། ཨོཾ་ན་མ་སརྦ་སོགས་ནས། སཾ་བྷ་ར་ཧཱུྃ༴ གྲངས་གང་འགྲུབ་ཀྱི་


CMR038_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བར་སྣང་ཁམས་ཀྱང་འགུགས་བྱེད་ན། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །འདིར་ནི་གནོད་བྱེད་དགུག་ཏུ་གསོལ། །བདེན་སྟོབས་བརྗོད་ལ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བདག་ཅག་མི་ནོར་བསྲུང་བྱ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པའི་ཅེས་གླུད་


CMR038_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ཁ་བསྒྱུར་བྱ། གླུད་ཀྱི་གཏོར་མ་ལེན་པའི་ཆེད་དུ་འདིར་མཆིས་པར་གྱུར་ཅིག །ཊཱཀྐི་ཧཱུྃ་ཛ༔ ལན་གསུམ་བརྗོད་མཐར། དཀོན་མཆོག་རྩ་གསུམ་རབ་འབྱམས་བདེན་སྟོབས་ཀྱིས། །འདྲེ་ལྟོགས་གཤེད་འཁྱམས་གནོད་སྦྱིན་མི་མ་ཡིན། །བདག་ཅག་མི་ནོར་བསྲུང་བྱ་ཐམས་ཅད་ལ། །འཚེ་བར་བྱེད་པ་གང་ཡིན་མིང་སོ་སོར་སྨོས་ལ། མ་ལུས་པ། །ས་འོག་ས་སྟེང་ས་བླར་གར་གནས་ཀྱང་། །དམིགས་པའི་གླུད་གཟུགས་འདི་ལ་དབྱེར་མེད་གྱུར། །ལན་གསུམ་བརྗོད་མཐར་གཏོ་གཞུང་གང་ཡིན་སྦྱར། ༈ ༡༽ དེ་ཡང་སྒེར་མདོས་སོ་སོའི་བཅའ་ཐབས་དང་འདོན་བྱ་གཉིས་ལས། དང་པོ་སྤར་ཁའི་སྤྱི་མདོས་བསྡུས་པ་བཅའ་ཐབས་ལ། དམར་གཏོར་གཅིག་ལ་གཏོར་ཆུང་བརྒྱད་ཀྱིས་བསྐོར། མཐེབ་སྐྱུ་འབྲུ་སྣ་དར་ཟབ་ཆངས་བུས་བསྐོར།ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །ལ་གནས་སྡེ་བརྒྱད་འབྱུང་པོའི་ཚོགས། །ས་ཆུ་མེ་རླུང་འབྱུང་བ་བཞིའི། །ལོ་སྐོར་བཅུ་གཉིས་གཟའ་ཆེན་བརྒྱད། །སྤར་བརྒྱད་སྨེ་དགུའི་དགྲ་དང་གཤེད། །ལོ་ཟླ་ཞག་དུས་རྒྱུ་བའི་བདུད། །འདོད་ཡོན་གླུད་མདོས་འདི་བཞེས་ལ། །དགྲ་གཤེད་བདུན་ཟུར་རྩུབ་པ་ཟློག །བཟློག་ཅིག་སྒྱུར་རོ་ས་མ་ཡ། །


CMR038_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གནམ་ལོའི་བདུན་ཟུར་ཕྱོགས་སུ་ཕུལ་ལོ།། ༈ ༢༽ སྡོང་པོ་རྒྱན་མདོས་བསྡུས་པ་ནི། ངར་མི་ནག་པོ་ཞིག་ལ་དཀར་གཏོར་བཞིས་བསྐོར། འབྲུ་སྣ་ཆངས་བུ་ཟས་སྣ་མར་མེ་བཞག །ངར་མིའི་སྟེང་དུ་རྩྭ་ཐུར་ཉེར་གཅིག་བཙུགས། རྩ་ལ་བལ་ཚོན་དར་ཟབ་སྣ་ཚོགས་ཀྱིས་བརྒྱན། རི་བོང་རིལ་མ་དགུ་དང་། ཝ་ཤུལ་ནང་དུ་ཆུ་བླུགས་ལ་རིལ་མ་དགུ་པོ་ཆུའི་ནང་དུ་འཕང་ལ་སྔོན་དུ་བཞག ཀྱཻ། གནམ་ས་གླིང་བཞི་སྲིད་པ་གསུམ། །འབྱུང་བ་བཞི་ལས་གྲུབ་པའི་བདུད། །ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ། །ལྷ་བདུད་འབྱུང་པོའི་རྒྱལ་པོ་ཆེ། །འཇག་མ་རྩྭ་ཡི་བརྟན་མཁར་འཛུགས། །རི་བོང་རིལ་མ་གྲོགས་སུ་བཅོལ། །ཝ་ཆུ་མཐུན་རྫས་འདི་ཁྱེར་ལ། །བསྐལ་པ་ཆགས་འཇིག་མ་སྟོང་བར། །ཚེ་རབས་ཐོགས་མ་མེད་པ་ནས། །བསགས་པའི་ལན་ཆགས་བུ་ལོན་བྱང་། ནད་གདོན་རླུང་མཁྲིས་བད་ཀན་སོལ། །ཕྱི་ནང་བར་ཆད་བཟློག་ཅིང་སྒྱུར། །ཅེས་མཁར་རྩེའམ་རི་མཐོ་སར་ཕུལ།། ༈ ༣༽ མཚོ་སྨན་གུར་མདོས་བསྡུས་པ་ནི། དཀར་གཏོར་འདབ་བརྒྱད་ཀླུ་སྨན་འབྲུ་སྣ་དར་ཟབ་བརྒྱན་པ་བཤམས། ཀྱཻ། མགུར་ལྷ་བརྟན་མ་ཕྱོགས་སྐྱོང་བཅུ། །ས་བདག་དབང་ཆེན་བརྟན་མ་དང་། །དགེ་བསྙེན་ཉེར་གཅིག་ཀླུ་ཆེན་བརྒྱད། །དྲི་ཟ་འབྱུང་པོ་མི་མ་


CMR038_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །གནས་པའི་རི་བྲག་ལྗོན་ཤིང་མཚོ། །གང་དག་ཇི་སྙེད་གནས་པའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་འབུལ་ལོ། །ལོ་ཕྱུག་འབྲུ་འཕེལ་རྐང་བཞི། སྲུངས། །ལེགས་ཚོགས་དགེ་མཚན་དེང་འདིར་སྩོལ། །ཅེས་གཏོར་མ་ཆུ་མིག་ཕྱོགས་སུ་འབུལ་ལོ།། ༈ ༤༽ སྡེ་བརྒྱད་ཁེང་མདོས་བསྡུས་པ་ནི། གླང་ཆེན་སྟེང་དུ་དཀར་གཏོར་འབྲུ་སྣ་དར་ཚོན་རྒྱན་པ་བཞག །ཀྱཻ། ཀླུ་རྒྱལ་འཁོར་བཅས་ཀླུ་ཆེན་བརྒྱད། །གཟའ་ཀླུ་རྒྱལ་བཙན་གཤིན་རྗེ་མ་མོའི་ཚོགས། །གླང་ཆེན་རབ་བསྟན་དར་ཚོན་འབྲུ་སྣ་འབུལ། །དལ་ཡམས་སྡེ་བརྒྱད་ཁེང་ལོག་གནོད་པ་ཟློག །ནད་མཚོན་མུ་གེའི་བསྐལ་པ་ཞི་གྱུར་ཅིག །ལེགས་ཚོགས་ལྷུན་གྲུབ་ཕྲིན་ལས་ཐོགས་མེད་མཛོད། །ཅེས་རི་བྲག་ཆུ་མིག་ཏུ་འབུལ་ལོ།། ༈ ༥༽ རྒྱལ་མགྱོགས་བསྡུས་པ་ལ། མཁར་ཐབས་གྲུ་བཞིའི་སྟེང་དུ་དམར་གཏོར་ལྔ། དེ་ལ་དར་ཟབ་འབྲུ་སྣ་གསེར་སྐྱེམས་བཤམས། ཧཱུྃ། སྔོན་ཚེ་རྒྱལ་བ་རིགས་ལྔ་པདྨ་འབྱུང་། །ཐ་ཚིག་སྲུང་མ་ཆོས་སྐྱོང་རྒྱལ་པོ་ཆེ། །སྐུ་ལྔ་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས། །གཏོར་མ་འདི་བཞེས་ཕྲིན་ལས་ཐོགས་མེད་སྒྲུབས། །གནོད་འཚེ་འཁུ་ལྡོག་ཡམས་ནད་སྨྱོ་འབོགས་ཟློག །


CMR038_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་དཀོར་ཁང་བསམ་ཡས་ཚོང་དུས་གླིང་། །རང་རང་གར་བཞུགས་གནས་སུ་གཤེགས་པར་ཞུ། །ལྕགས་སྡིག་མགོ་དགུས་རྒྱལ་འགོང་བརླག་པར་མཛོད། །ཅེས་ཚ་ཁང་ངམ་གསས་མཁར་རྒྱ་མཁར་ཕྱོགས་སུ་ཕུལ་ལོ།། ༈ ༦༽ འདྲེ་མོ་རྫ་མདོས་བསྡུས་པ་ནི། བུད་མེད་ཁྱི་ནག་ཞོན་པ་གཅིག་ལ་དམར་གཏོར་དགུས་བསྐོར། རྫ་ལུང་ཐེ་ཁེ་རེ་དུམ་ཐལ་སྣ་དགུ་འཛོམ་བཞག །ཟས་སྣ་ཆངས་བུ་ཤ་དུམ་མར་མེ་སོགས་སྔོན་ལ་བཤམས། ཀྱཻ། སྲིད་གསུམ་ཕུང་བྱེད་སྨན་མོ་ཁྱོད། །ཁམས་གསུམ་འདྲེ་མོ་དགུ་འཁོར་བཅས། །བུ་ལོན་སྙོག་པའི་ལན་ཆགས་བདུད། །མི་ནོར་ལས་ལྷག་ཚུལོངས་སྤྱོད་བསྔོ། །བསམ་སྦྱོར་ལོག་པ་ཀུན་ཞི་ཤོག །རྫ་ལུང་ཐེ་དགུ་ཆངས་བུ་བསྔོ། །མི་ནོར་ཡམས་ནད་འཚེ་བ་ཟློག །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༧༽ བཙན་མདོས་བསྡུས་པ་ནི། མཁར་ཐབས་སྟེང་དུ་དམར་གཏོར་དགུ། །དར་དམར་ཤ་ཁྲག་འབྲུ་སྣས་བརྒྱན།། ཀྱཻ། ལྗོན་ཤིང་བྲག་རི་པདྨའི་ཚལ། །ཁམས་གསུམ་སྐྱེ་འགྲོ་སྲོག་གི་བདག །འབར་བ་སྤྱན་དགུ་ལྷ་འདྲེའི་ཚོགས། །ཀླུ་བདུད་དགེ་བསྙེན་བཙན་དམག་འབུམ། །འཁོར་ཚོགས་ཕོ་ཉར་བཅས་རྣམས་ལ། །མཁར་ཐབས་བཤོས་བུ་ཤ་ཁྲག་འབུལ། །རིམས་ནད་སྨྱོ་འབོག་མ།


CMR038_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ཞིག །མི་ནོར་བཙན་གྱི་གནོད་པ་ཟློག །ཅེས་རི་མཐོ་བྲག་དམར་རྩེ་ལ་ཕུལ། ༈ ༨༽ ཀླུ་མདོས་བསྡུས་པ་ནི། ངར་མི་སྦྲུལ་མགོ་རུས་སྦལ་ཞོན་པ་ལ་ཆུ་གནས་སྣ་ཚོགས་ཀྱིས་བསྐོར་བའི་མདུན་ལ་ཀླུ་སྨན་འབྲུ་སྣ་ཆངས་བུ་མར་མེ་བཅས་བཞག་ལ། ཀྱཻ། ཡིད་འོང་ལྗོན་ཤིང་ཆུ་མིག་མཚོ། །རིན་ཆེན་རི་རབ་གནས་པའི་ཀླུ། །ཀླུ་ཆེན་བརྒྱད་དང་བྲམ་ཟེའི་རིགས། །ཁ་མིག་སྟོང་དང་འདབ་མ་ཅན། །གཉུག་མར་གནས་པའི་ཀླུ་རིགས་ཀུན། །ངར་མི་མཆོད་སྦྱིན་འདོད་ཡོན་ཚོགས། །འདི་བཞེས་བདག་ཅག་ལོངས་སྤྱོད་སྩོལ། །རྨ་གཉན་སྐྲང་ལྷོག་ཀླུ་གདོན་སོལ། །ཅེས་ཆུ་མིག་གམ་ཆུ་བོ་རྒྱུན་བབས་ཕྱོགས་སུ་ཕུལ་ལོ།། ༈ ༩༽ ཡུལ་ལྷ་སྤྱི་མདོས་བསྡུས་པ་ནི། དཀར་གཏོར་གཅིག་ལ་གཡག་ལུག་ར་གསུམ་བསྐོར་བ་དང་། དར་སྣ་འབྲུ་སྣ་གསེར་སྐྱེམས་བཤམས་ཤུལ། ཀྱཻ། ཡུལ་ལ་གཡང་ཆགས་ཕ་མྱེས་འགོ་བའི་ལྷ། །ཁང་ཁྱིམ་ཐབ་ལྷ་ཟས་ནོར་མ་སྲུའི་གཡང་། །སྔོན་ནས་བརྟེན་པའི་བན་བོན་སྲུང་མའི་ཚོགས། །ཡུལ་ལྷ་ཟོ་དོར་ཚེ་རབས་སྔོན་གྱི་ལྷ། །བདག་ལ་གྲོགས་དན་མགོན་སྐྱབས་དཔུང་གཉེན་ཀུན། །འདིར་གཤེགས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །མི་ནོར་ལོངས་སྤྱོད་དཔལ་ཀུན་རྒྱས་པར་


CMR038_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཅེས་གཏོར་མ་ཐབ་ཐོག་ཏུ་ཕུལ་ལོ།། ༈ ༡༠༽ བརྒྱ་བཞི་བསྡུས་པ་ནི། ཕྱག་སོར་བཞི་ལ་ངར་མི་བཞི། མཚམས་བཞི་ལ་ཞལ་ཟས་བཞི། ངར་མི་གོས་དུམ་ཆངས་བུ་བཅས། །བདུན་རེ་གཏོར་ཟླུམ་སཱཙྪདང་། །ཟས་སྣ་མར་མེ་ཤ་དུམ་བཞི་བཞི་བཤམས་ལ། ཀྱཻ། ཤཱཀ་ཐུབ་དགྲ་བཅོམ་འཕགས་པའི་བདེན་ཚིག་གིས། །ཁམས་གསུམ་གནས་པའི་བདུད་དང་བགེགས་རིགས་ཚོགས། །གཟའ་ཀླུ་རྒྱལ་བཙན་གཤིན་རྗེ་མ་མོའི་གདོན། །དྲི་ཟ་འབྱུང་པོ་བདུད་བཞིའི་གཡུལ་ངོ་བསྒྱུར། །ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་ལོ། །གནོད་འཚེ་བསམ་སྦྱོར་ལོག་པའི་འདྲེ་གདོན་བགེགས། །བཀྲེས་སྐོམ་སྡུག་བསྔལ་ཞི་ནས་བྱང་སེམས་ལྡན། །མཐར་ཐུག་སངས་རྒྱས་ཐོབ་ཕྱིར་མཆོད་སྦྱིན་བསྔོ། །ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༡༡༽ ཤེར་ཕྱིན་བཟློག་མདོས་བསྡུས་པ་ལ། ངར་མི་གཡག་ནག་ཞོན་པ་ཁྱི་ནག་རྗེས་སུ་འབྲང་བ། དམར་གཏོར་བཞི་ལ་ཆངས་བུས་བསྐོར་བ། དར་སྣ་ཟས་སྣ་མར་མེ་བཞག་ལ་ཏིང་ངེ་འཛིན་གྱི་ངང་ལས། ཀྱཻ། ཡུམ་ཆེན་རྒྱལ་བ་ཤཱཀ་ཐུབ་མཐུ་དག་གིས། །སྲིད་གསུམ་ལྷ་འདྲེ་བདུད་བཞི་འབྱུང་པོའི་ཚོགས། །ལྷ་ཀླུ་བརྟན་མ་གནོད་སྦྱིན་ལ་སོགས་པའི། །བསམ་སྦྱོར་ལོག་པའི་འདྲེ་གདོན་མི་མ་ཡིན། །མཁོ་


CMR038_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་འདོད་ཡོན་ཟད་མེད་མཆོད་སྦྱིན་བསྔོ། །ལྷ་འདྲེ་མི་གསུམ་ཕ་རོལ་བྱད་མ་ཟློག །ལུང་སུམ་མདོ་ལ་བསྐྱལ་ལོ། ༈ ༡༢༽ ཆ་གསུམ་བསྡུས་པ་ལ། །དཀར་གཏོར་ཆངས་བུ་མར་མེས་བསྐོར། ཀྱཻ། ཐུབ་དབང་དགྲ་བཅོམ་འཕགས་པའི་ཚོགས་རྣམས་ཀྱིས། །བཀའ་བཞིན་བྱིན་རླབས་མཆོད་སྦྱིན་དམིགས་པའི་མགྲོན། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །ནགས་ཚལ་ཆུ་བོ་རི་བྲག་གནས་རྣམས་ཚོགས། །ལྷ་ཀླུ་བརྟན་མ་གནོད་སྦྱིན་འབྱུང་པོ་རྣམས། །གཏོར་མ་འདི་བཞེས་ལན་ཆགས་བུ་ལོན་བྱང་། །བདག་ཅག་ཕྱི་ནང་འགལ་རྐྱེན་བར་ཆད་ཟློག །ལོ་ཡི་བདུན་ཟུར་རམ་ནི་ནད་པའི་བདུན་ཟུར་ཕྱོགས་ལ་ཕུལ་ལོ།།༈ ༡༣༽ ཁ་འབར་མའི་གླུད་བསྡུས་པ་ནི། ངར་མི་ནག་པོ་ལག་ན་ཁྲམ་ཤིང་དང་ཤཱ་རྡེལ་ཐོགས་པ་ཁ་ན་དཔལ་འབར་བཟུང་བ་དེ་ལ་མདའ་འཕང་ནམ་མཁའ་དར་ཟབ་འབྲུ་སྣ་ཆངས་བུ་མར་མེ་ཟས་སྣ་བཞག་ལ། ཀྱཻ། ཉི་མ་ཕྱོགས་མཚམས་རྒྱུ་བའི་སྨན་མོ་ཁྱོད། །འཇིག་རྟེན་ཁམས་འདིར་བསམ་སྦྱོར་ལོག་པའི་བདུད། །མི་ཕྱུགས་དལ་ཡམས་མི་ཁ་གཏོང་བའི་འདྲེ། །ཕུང་བྱེད་འདྲེ་མོ་བུད་མེད་ཁ་འབར་མ། །གླུད་མདོས་འདོད་ཡོན་རྒྱན་ཅན་འདི་ཁྱེར་ལ། །


CMR038_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བན་བོན་ཕ་རོལ་བྱད་མ་མི་ཁ་ཟློག །མ་ལུས་འཁོར་བཅས་ངོམ་ཞིང་ཚིམ་གྱུར་ཅིག །ལུང་གསུམ་མདོ་ལ་བསྐྱལ་ལོ།།༈ ༡༤༽ སྒྲོལ་མའི་གཡུལ་མདོས་བསྡུས་པ་ལ། ངར་མི་གཅིག་ལ་གཏོར་ཆུང་བཅོ་བརྒྱད་བསྐོར། །དེ་ལ་ནམ་མཁའ་རྒྱང་བུ་མདའ་འཕང་འཛུགས། །ཆངས་བུ་མར་མེ་དར་ཚོན་ཟས་སྣས་བསྐོར། །ཧཱུྃ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བ་བཅོ་བརྒྱད་བདུད་དང་བགེགས། །མ་རུངས་སྡེ་བརྒྱད་འབྱུང་པོ་མི་མ་ཡིན། །ཕ་རོལ་འཁྲུག་རྩོད་དུས་ཀྱི་གཡུལ་ངོ་སྒྱུར། །མི་ཕྱུགས་དལ་ཡམས་དུས་མིན་འཆི་བ་དང་། །ནད་གདོན་བར་ཆད་མཐའ་དམག་དུས་འཁྲུག་ཟློག །མཆོད་ཡོན་འདི་བཞེས་ལས་ཀུན་མྱུར་འགྲུབ་མཛོད། །ཅེས་དགྲ་ཕྱོགས་སུ་འཕེན་ནོ། ༈ ༡༥༽ ས་བདག་སྡེར་ཆོག་བསྡུས་པ་ནི། རི་རབ་བང་རིམ་བཞི་པའི་སྟེང་དུ་རུས་སྦལ་དེའི་སྟེང་དུ་དཀར་གཏོར་གཅིག་དེ་ལ་སྤར་སྨེ་ལོ་བཤོས་བཅུ་གཉིས་ཀྱིས་བསྐོར་ལ་བལ་ཚོན་དར་སྣ་ཟས་སྣ་འབྲུ་སྣ་མར་མེ་བཞག ཀྱཻ། །སངས་རྒྱས་ཤཱཀ་ཐུབ་ས་སྙིང་པདྨ་འབྱུང་། །རྒྱལ་སྲས་སྨོན་ལམ་ལས་གྲུབ་བྱིན་བརླབས་པས། །འབྱུང་བ་རིམ་བརྩེགས་རི་རབ་རུས་སྦལ་སྟེང་། །དཀར་གསུམ་གཏོར་མ་འདོད་


CMR038_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ལྔ་ལྡན་པ། །ས་བདག་བརྟན་མ་དབང་ཆེན་རྒྱལ་བློན་བཅོས། །སྤར་བརྒྱད་སྨེ་དགུ་འབྱུང་ལྔ་ལོ་སྐོར་གཟའ། །ས་བདག་ཀླུ་གཉན་མགུར་ལྷ་བརྟན་མའི་ཚོགས་། །གཏོར་མ་འདི་བཞེས་ལོ་ལེགས་ཕྱུགས་འཕེལ་ནས། །སྤར་སྨེ་བདུན་ཟུར་འབྱུང་ལྔའི་དགྲ་གཤེད་ཟློག །བདུན་ཟུར་ཕྱོགས་སུ་ཕུལ་ལོ།། ༈ ༡༦༽ གཤེད་མདོས་བསྡུས་པ་ལ། །རུས་སྦལ་སྟེང་དུ་ངར་མི་ནག་པོ་གནམ་ལོ་བདུན་ཟུར་རྟ་ལ་ཞོན་པ། ནམ་མཁའ་མདའ་འཕང་རྒྱང་བུ་དར་སྣས་བརྒྱན་པ་དམར་གཏོར་བཞི་དང་ཆངས་བུ་མར་མེ་ཟས་སྣ་བཞག་ལ། ཀྱཻ། སྲིད་གསུམ་དབང་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །མཐུ་སྟོབས་ལྷ་འདྲེ་མི་གསུམ་འབྱུང་པོ་འདུལ། །དབང་ཆེན་རུས་སྦལ་རི་རབ་འབྱུང་བཞིའི་སྟེང་། །གཤེད་པོ་ཐེ་སེ་བདུན་ཟུར་རྟ་ལ་ཞོན། །སྤར་བརྒྱད་སྨེ་དགུ་ལོ་སྐོར་བཅུ་གཉིས་བསྐོར། །ལོ་ཟླ་ཞག་དུས་གཟའ་སྐར་འབྱུང་བ་བཞི། །ཟ་འདྲེ་ཤི་གཤེད་བདུད་བཞི་འབྱུང་པོའི་ཚོགས། །མཆོད་སྦྱིན་གླུད་མདོས་འདོད་ཡོན་དཔག་མེད་འདི། །དྲི་ཟ་གཤེད་མ་བགེགས་རིགས་ཀུན་ལ་བསྔོ། །བཞེས་ནས་ལོ་གཤེད་མ་བྱེད་ལོ་ལྷ་མཛོད། །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༡༧༽ ས་སྒོ་གཅོད་པའི་དོན་བསྡུས་


CMR038_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ངར་མི་ལུག་ལ་ཞོན་པ་ཆངས་བུ་འབྲུ་སྣ་མར་མེ་བཞག་ལ། ཀྱཻ། ལྷོ་ནུབ་ཁོན་མ་རྒན་མོ་ལུག་ལ་ཞོན། །ས་བདག་རྒྱལ་བློན་ཡབ་ཡུམ་སྲས་འཁོར་བཅས། །གླུད་མདོས་འདི་བཞེས་མི་ཕྱུགས་དལ་ཡམས་སོལ། །རྨ་གཉན་སྐང་ལྷོག་དུར་ལོངས་ས་སྒོ་ཆོད། །ཅེས་ས་འོག་ཏུ་སྦས་སོ།། ༈ ༡༨༽ གནམ་སྒོ་གཅོད་པའི་ཐབས་བསྡུས་པ་ལ། ངར་མི་ཁྱི་དཀར་ཞོན་པ་ནམ་མཁའ་ཆངས་བུ་འབྲུ་སྣ་དར་སྣས་བརྒྱན་པ་བཞག་ལ། ཀྱཻ། ཁེན་པ་དུང་རལ་གནམ་ཁྱི་དཀར་པོ་ཞོན། །ལོ་བདག་སྤར་སྨེ་གཟའ་བརྒྱད་འབྱུང་བ་ལྔ། །གླུད་མདོས་འདི་བཞེས་བདུན་ཟུར་རྩུབ་པ་ཟློག །གནམ་དགྲ་གཟའ་སྐར་ཐོག་སེར་བུ་ཡུག་ཆོད། །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༡༩༽ རི་སྒོ་གཅོད་པའི་གཏོ་བསྡུས་པ་ནི། ངར་མི་གླང་ལ་ཞོན་པ་ལག་ན་རུས་སྦལ་བཟུང་བ་འབྲུ་སྣ་ཆངས་བུ་མར་མེ་བཞག་ལ། ཀྱཻ། གིན་རི་རྒན་པ་གླང་ལ་ཞོན། །ས་བདག་བརྟན་མ་སྡེ་བརྒྱད་ཚོགས། །འབྲུ་སྣ་ཆངས་བུ་འདི་ལོངས་ལ། །གནམ་ས་དུས་འཁྲུགས་འབྱུང་བ་བཞི། །ས་གཡོས་རི་ཉིལ་གཡུལ་ངོ་ཟློག །ཅེས་རི་བྲག་ཞིག་རལ་ཕྱོགས་སུ་ཕུལ་ལོ།། ༈ ༢༠༽ རླུང་སྒོ་གཅོད་པའི་མདོས་བསྡུས་པ་ལ། ངར་མི་འབྲུག་གདོང་ཤ་བ་ཞོན་པ། ལག་ན་བ་དན་ཐོགས་པ། འབྲུ་སྣ་ཆངས་བུ་


CMR038_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མདའ་འཕང་བ་དན་རྒྱན་པ་བཞག་ལ། ཀྱཻ། རླུང་ལྷ་འབྲུག་གདོང་འབྱུང་པོ་ཤ་བ་ཞོན། །ལོ་བདག་སྤར་སྨེ་གཟའ་སྐར་འབྱུང་བཞི་བཅས། །འདོད་ཡོན་གླུད་དང་གཏོར་མ་འདི་ལོངས་ལ། །སྲོག་ལུས་དབང་ཐང་བདུན་ཟུར་དགྲ་གཤེད་དང་། །གནམ་ས་ཁ་ཤིང་མེ་རླུང་འཚུབ་པ་ཟློག །ཅེས་ལོ་བདུད་ཕྱོགས་སུ་ཕུལ། ༈ ༢༡༽ གླིང་བཞི་སྤྱི་མདོས་ནི། ངར་མི་གཅིག་ལ་ཁྱི་འབྲུག་གླང་ལུག་བཞི་ཡིས་བསྐོར། ནམ་མཁའ་དར་ཟབ་འབྲུ་སྣ་ཆངས་བུས་བསྐོར་བ་རེ་རེ་བཞག་སྟེ། ཀྱཻ། འཇམ་དཔལ་ས་སྙིང་གསང་བདག་པདྨ་འབྱུང་། །བྱིན་རླབས་བདེན་སྟོབས་དུས་ཀྱི་གཡུལ་ངོ་སོལ། །སྟེང་འོག་ཕྱོགས་མཚམས་སྡེ་བརྒྱད་འབྱུང་པོའི་ཚོགས། །གནམ་ཁྱི་གཟའ་སྐར་ས་བདག་བརྟན་མ་དང་། །སྤར་སྨེ་ལོ་བདག་ཁྱི་འབྲུག་གླང་ལུག་བཞི། །དར་ཟབ་ན་བཟའ་འབྲུ་སྣ་འདོད་ཡོན་འབུལ། །ས་ཆུ་མེ་རླུང་འབྱུང་བཞིའི་དགྲ་དང་གཤེད། །ལོ་ཟླ་ཞག་དུས་བདུན་ཟུར་རྩུབ་པ་ཟློག །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༢༢༽ དྲི་ཟའི་བཟློག་མདོས་ལ། ངར་མི་རྟ་མགོ་ཅན་ལ་ཆངས་བུ་མར་མེ་ཟས་སྣ་བཞག་ལ། ཀྱཻ། དྲི་ཟའི་རྒྱལ་པོ་གནོད་སྦྱིན་རྟ་མགོ་ཅན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་འབྱུང་པོའི་


CMR038_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །ཁྱེད་རྣམས་དབང་པོའི་ཁམས་མཐུན་འདོད་ཡོན་ལོངས། །ཚེ་སྲོག་བར་དུ་གཅོད་པའི་བདུད་དང་བགེགས། །བན་བོན་བྱད་མའི་བསམ་སྦྱོར་ལོག་པ་ཟློག །ཅེས་དགྲ་ཕྱོགས་སུ་ཕུལ་ལོ།། ༈ ༢༣༽ གཤིན་རྗེའི་ཟློག་མདོས་ལ། ངར་མི་གླང་མགོ་ཅན་ལ་ཆངས་བུ་མར་མེ་ཟས་སྣ་བཞག་ལ། ཀྱཻ། གཤིན་རྗེའི་སྡེ་དཔོན་འཆི་བདག་གླང་གི་མགོ །གཤེད་མ་དྲི་ཟ་བདུད་བཞི་བགེགས་ཚོགས་ཀུན། །འདོད་ཡོན་གཏོར་གླུད་མཆོད་པ་འདི་བཞེས་ལ། །ངོམ་ཞིང་ཚིམས་པས་བསམ་སྦྱོར་ཀུན་ཞི་ནས། །བདག་གི་སྔོན་ལས་འཕྲལ་རྐྱེན་བཟློག་ཅིང་སྒྱུར། །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ། །༈ ༢༤༽ མ་མོའི་ཁྲག་མདོས་བསྡུས་པ་ལ། རི་རབ་བང་རིམ་བཞིའི་སྟེང་དུ་བུད་མེད་ནག་མོ་ལག་ན་ཁྲག་ཟོར་འབྱུང་བ་བཞི། ཟུར་བཞི་ལ་དམར་གཏོར་བཞི་དང་། ཁྲག་ཀོང་ཤ་ཁྲག་ཟས་སྣ་ཆངས་བུ་མར་མེ་མདའ་འཕང་ནམ་མཁའ་བཙུགས་ལ་བཞག ཀྱཻ། དུག་ལྔ་ནད་མཚོན་འཁྲུག་པའི་ཀློང་དཀྱིལ་ནས། །ཁམས་གསུམ་སྨན་མོ་སྲིད་གསུམ་སྡེ་བརྒྱད་གཙོ། །མི་ཕྱུགས་དལ་ཡམས་ནད་དང་གདོན་གྱི་བདག །ཤ་ཟ་ཁྲག་ལ་རྔམ་པའི་མ་མོའི་ཚོགས། །ལྷ་ཀླུ་སྡེ་བརྒྱད་འདྲེ་མོ་དགུ་འཁོར་བཅས། །གླུད་མདོས་འདི་བཞེས་དཔོན་གཡོག་རང་


CMR038_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཤེགས། །མི་ཕྱུགས་དལ་ཡམས་རིམས་ནད་གོད་ཁ་ཆོད། །ཁྲག་ཀོང་ནང་གི་ཁྲག་ཕྱོགས་བཞིར་མཆོད། །གཏོར་མ་དགྲ་ཕྱོགས་སུ་ཕུལ་ལོ།། ༈ ༢༥༽ དམ་སྲི་གླུད་མདོས་ལ། ངར་མི་དྲེད་མོང་ལ་ཞོན་པ་ཆང་བུ་ཡོས་ཀྲ་འབྲུ་སྣ་ཤ་ཁྲག་མར་མེ་བཞག་གོ། ཀྱཻ། སྲིད་པའི་ཕོ་འདྲེ་མོ་གདོན་འདྲེ་ཅན་བཞི། །ལྟེ་ཕུར་ནག་མོ་དམ་སྲི་འདྲེ་གདོན་བགེགས། །མཆོད་སྦྱིན་འདི་བཞེས་གནོད་འཚེའི་བསམ་སྦྱོར་སྤོངས། །དམ་སྲི་འབྱུང་པོའི་བར་ཆད་བཟློག་ཅིང་སྒྱུར། །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༢༦༽ ཐེའུ་རང་བཀར་མདོས་ལ། ངར་མི་ར་ལ་ཞོན་པ་ཆངས་བུ་ཡོས་བཀྲ་ཤྭ་རྡེའུ་འབྲུ་སྣ་མར་མེ་བཞག་ལ། ཀྱཻ། གནམ་ས་བར་སྣང་སྟོང་པའི་འདྲེ་བདུད་བགེགས། །ཐེའུ་རང་སྤྱན་དགུ་བདུད་དང་དམ་སྲིའི་ཚོགས། །སྨན་མོ་ཤྭ་འདེབས་གླུ་ལེན་འདྲེ་གདོན་བགེགས། །མི་ཕྱུགས་སྒབ་འདྲེ་གནོད་འཚེའི་བསམ་སྦྱོར་སྤོངས། །མཁོ་དགུ་ཟད་མེད་ནམ་མཁའི་མཛོད་བཞིན་གྱུར། །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ། ༈ ༢༧༽ འགོང་པོ་བཀར་ཐབས་ལ། ངར་མི་རི་བོང་ལ་ཞོན་པ། སྣོད་ཆག་ནང་དུ་བཞག་ལ། ཟས་སྣ་ཤ་ཁྲག་ཆངས་བུ་མར་མེ་བཞག་ལ། ཀྱཻ། བསེ་རག་རི་ཞོན་སྤྱན་དགུའི་ཚོགས། །མི་


CMR038_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ཕུང་བདུད་དབུལ་འདྲེ་བགེགས། །མེད་དགའ་ལྟོགས་འགོང་འབྱུང་པོའི་ཚོགས། །མཐུན་རྫས་འདོད་ཡོན་ལྔ་ལྡན་འདི། །ཁྱེར་ཅིག་ཕུང་འདྲེས་བགེགས་མ་བྱེད། །གོད་འདྲེ་བསེ་རག་བཟློག་ཅིང་སྒྱུར། །ལུང་པའི་མདོ་རུ་བསྐྱལ་ལོ།། ༈ ༢༨༽ ཕྱུགས་གླུད་བཀར་ཐབས་ནི།ངར་མི་ནག་པོ་གཡག་ལུག་ར་རྟས་བསྐོར་བ་ཟས་སྣ་ཤ་ཁྲག་ཆངས་བུ་མར་མེ་བཞག་ལ། ཀྱཻ། རྐང་བཞི་སྒོ་ཕྱུགས་དལ་ཡམས་ནད་ཀྱི་བདག །གོད་འདྲེ་མི་ནག་བདུད་བཞི་འགོང་པོའི་ཚོགས། །རྟ་དྲེལ་ནོར་ལུག་རྐང་བཞིའི་ལན་ཆགས་བདུད། །གོད་འདྲེ་ཕུང་སྲི་ནད་ཡམས་དལ་ཁ་སྒྱུར། །འདོད་ཡོན་འདི་བཞེས་མི་ཕྱུགས་བར་ཆད་ཟློག།འཕར་སྤྱང་གནོད་པ་ཀུན་ཞི་གོད་ཁ་ཆོད། །དགྲ་ཕྱོགས་སུ་ཕུལ་ལོ།། ༈ ༢༩༽ ཆོམ་རྐུན་ཟློག་མདོས་ནི། །ངར་མི་རྟ་ནག་ཞོན་པ་ལག་པ་རྒྱབ་ཏུ་བཅིངས་པ། རྐང་པ་ལྕགས་སྒྲོག་རྒྱབ་པ། སྦྲུལ་ནག་བཞིས་མཐའ་ནས་བསྐོར་བ་ཆངས་བུ་ཤ་ཁྲག་བཏབ་ལ།ཀྱི།ལྷ་མོ་འོད་ཟེར་ཅན་དང་དུར་བདག་མོ། །རྩ་གསུམ་རབ་འབྱམས་བདེན་པས་ཆོམ་རྐུན་གྱི། །བླ་ཡིད་སེམས་གསུམ་ཆིངས་ཤིག་གནོད་བྱེད་པ། །དགྲ་འདྲེ་ཡམས་སྣ་མི་ཁ་གཏོང་བའི་བདུད། །ཤ་ཁྲག་ཆངས་བུ་འདོད་ཡོན་འདི་


CMR038_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །བསམ་སྦྱོར་ལོག་པའི་དགྲ་འདྲེ་ཕུང་སྲི་ཟློག །སྤར་སྨེ་གཟའ་སྐར་ལོ་ཟླ་ཞག་དུས་ཚེས། །དགྲ་སྣ་རྐུན་སྲི་ཁ་སྨྲས་གླེང་གྱོད་ཟློག །ཅེས་དགྲ་ཕྱོགས་སུ་ཕུལ་ལོ།། ༈ ༣༠༽ མི་ཁ་བྲ་མདོས་ལ། ངར་མི་ནག་པོ་ཁ་ལ་མེ་འབར་བཟུང་བ་ཅན་ལ་ཆངས་བུ་མར་མེ་འབྲུ་སྣ་བཞག་ལ། །མི་ཁ་དགྲ་འདྲེ་ཁ་མཆུ་གཏོང་བའི་བདུད། །མེ་འབར་ལྟས་ངན་མི་དང་མི་མ་ཡིན། །བསམ་ངན་སྦྱོར་རྩུབ་ཁ་མཆུ་གྱོད་ཚུར་དགྲ། །དམོད་ཟོར་མི་ཁ་གཏོང་བའི་དགྲ་འདྲེ་ཟློག །གླུད་མདོས་འདི་བཞེས་ཚེ་རབས་མི་ཁ་སྒྱུར། །ཅེས་དགྲ་ཕྱོགས་སུ་བསྐྱལ་ལོ།། ༈ ༣༡༽ ཐན་ངན་ཟློག་མདོས་ལ། ངར་མི་གཅིག་ལ་མགོ་གསུམ་སེང་ཞལ་བྱ་མགོ་ཁྱིའི་གདོང་པ། མི་ཕྱུགས་ཐན་ལྟས་ཇི་ལྟར་བྱུང་བ་དེ་འོག་ཏུ་ཞོན་པ་ལ། ནམ་མཁའ་མདའ་འཕང་དར་ཚོན་འབྲུ་སྣ་ཆངས་བུ་མར་མེ་ཤ་ཁྲག་བཞག་ལ། ཧཱུྃ་བྷྱོ༔ སྲིད་གསུམ་ལྟས་ངན་ཐན་དྲུག་རྒྱལ་པོ་ཁྱེད། །མ་ཧཱ་བྷ་ལ་ཧཱ་ས་གནྡྷ་ཞེས། །མི་ལུས་བྱ་མགོ་སེང་ཞལ་ཁྱི་ཡི་གདོང་། །ཕྱག་དྲུག་གཡས་གཡོན་ལྟས་ངན་སྣ་ཚོགས་འཛིན། །ཞལ་དུ་དགྲ་བོའི་ཤ་ཁྲག་དོན་སྙིང་གསོལ། །སྟེང་ཕྱོགས་ལྷ་ཡི་ལྟས་ངན་དུས་འཁྲུགས་ཟློག །བར་ཕྱོགས་ལྟས་ངན་སྡེ་བརྒྱད་འཁྲུག་


CMR038_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟློག །འོག་ཕྱོགས་ཀླུ་གདོན་ས་བདག་ལྟས་ངན་ཟློག །མི་ནོར་དལ་ཡམས་ལྟས་ངན་དུས་འཁྲུག་ཟློག །ཐན་དང་ལྟས་ངན་བརྒྱད་ཅུའི་འཚེ་བ་ཟློག །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༣༢༽ རྨི་ལམ་འཁྲུགས་མདོས། །ཆངས་བུ་ལོ་གྲངས་དང་སྐྲ་སེན་བཞག་ལ། ཀྱཻ། རྨི་ལམ་སྣང་བ་འཁྲུག་པའི་ལྟས་ངན་བདུད། །སྤར་སྨེ་བདུན་ཟུར་ལོ་ཟླ་ཞག་དུས་སྐག །གྲིབ་གདོན་རྨི་ལམ་ཐན་ལྟས་འདྲེ་བདུད་བགེགས། །ཟློག་ཅིག་སྒྱུར་རོ་ཆངས་བུ་འདི་བཞེས་བསྔོ། །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༣༣༽ ཀླུ་གདོན་བཀར་ཐབས་ལ། ངར་མི་སྦྲུལ་མགོ་རུས་སྦལ་ཞོན་པ་ལ་ཆངས་བུ་འབྲུ་སྣ་བལ་ཚོན་མར་མེ་བཞག །ཀྱཻ། ཡིད་འོང་ལྗོན་ཤིང་རི་བྲག་ཆུ་མིག་མཚོ། །རིན་ཆེན་རི་རབ་རུས་སྦལ་ལ་གནས་ཀླུ། །ས་བདག་རྒྱལ་བློན་བཅུ་བདུན་བརྟན་མའི་ཚོགས། །ས་རྡོ་རི་བྲག་ནགས་ཚལ་གདེངས་ཀ་སོགས། །གར་གནས་ལྷ་ཀླུ་དྲི་ཟ་འབྱུང་པོའི་གདོན། །རྨ་ལྷོག་སྐྱང་གཉན་ཤུ་འབྲུམ་མཛེ་ནད་ཟློག །གླུད་མདོས་འདི་བཞེས་སྔོན་ལས་འཕྲལ་རྐྱེན་སྒྱུར། །ཅེས་ཆུ་མིག་ཕྱོགས་སུ་ཕུལ་ལོ།། ༈ ༣༤༽ དུར་སྒོ་བྱེ་ཟློག་ལ། ངར་མི་ཁྱི་མགོ་ལུག་ལ་ཞོན་པ་ཆངས་བུ་འབྲུ་སྣ་ཤ་དུམ་བརྒྱད་ཀྱིས་བསྐོར་ལ། ཀྱཻ།


CMR038_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ས་རི་རབ་ཕ་མྱེས་དུར་གྱི་སྒོ། །གནམ་ཁྱི་དཀར་པོ་ས་ལུག་སེར་པོ་ཁྱོད། །ངར་གླུད་ཆངས་བུ་ཤ་དུམ་འདོད་ཡོན་བཞེས། །སྤར་སྨེ་བདུན་ཟུར་དུར་སྐེག་ལང་པ་ཟློག།གནམ་སྐེག་ས་དགྲ་དུར་སྒོ་བྱེ་བ་ཆོད། །ཅེས་དུར་སའི་ཕྱོགས་སུ་ཕུལ་ལོ། ༈ ༣༥༽ བྱིས་པའི་གདོན་མདོས་ལ། ངར་མི་སེང་ཞལ་དྲེད་མོང་ཞོན་པ་ལ། ལག་ན་ཕྲུ་གུ་བཟུང་བ། །སྔོན་ལ་མ་ཡི་ནུ་ཞོ་དང་སྐྲ་སེན་ཆངས་བུ་ཟས་སྣ་མར་མེ་བཞག་ལ། ཀྱཻ། བུད་མེད་སེང་ཞལ་མ་བུའི་གཟུགས། །སྒབ་འདྲེ་བྱིས་པའི་གདོན་དང་བགེགས། །སྤར་སྨེ་བདུན་ཟུར་དགྲ་དང་གཤེད། །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག །སྲི་སྐེག་མ་བུའི་སྲོག་བདུད་གཤེད། །མ་བུ་ལས་ལྷག་གླུད་མདོས་ཁྱེར། །ཆུང་སྲི་བྱིས་པའི་དུར་སྐེག་ཟློག །ཅེས་ལོ་བདུད་ཕྱོགས་སུ་བསྐྱལ་ལོ།། ༈ ༣༦༽ སྲིའུ་སྲུང་ཟློག་ལ། ངར་མི་ཁྱི་ཞོན་པ་ལ་མ་བུའི་སྐྲ་སེན་ཆངས་བུ་འབྲུ་སྣ་བཞག་ལ། ཀྱཻ། ཕོ་མོ་མངལ་ལས་སྐྱེས་པའི་རིགས་རྒྱུད་འཕེལ། །ལྷ་ཀླུ་བརྟན་མས་གྲོགས་མཛོད་བུ་རྒྱུད་སྐྱོངས། །སྒབ་འདྲེ་འབྱུང་པོ་ཆིངས་ལ་བར་ཆད་ཟློག །ཕ་ལྷས་མི་གཡང་རིགས་རྒྱུད་བུ་རྫི་མཛོད། །འདོད་ཡོན་བཞེས་ལ་ཆུང་སྲིའི་གནོད་པ་ཟློག །ཉལ་སར་སྦས་


CMR038_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་བུ་རྒྱུད་འཕེལ་བར་ཐེ་ཚོམ་མེད། ༈ ༣༧༽ རྣ་བའི་གྲིབ་གླུད་ལ། ངར་མི་པི་ཝཾ་ཐོགས་པ་ཆངས་བུ་མར་མེ་འབྲུ་སྣ་བཞག་ལ། ཀྱཻ། རྣམ་པར་འཇོམས་པའི་མཐུ་སྟོབས་བྱིན་རླབས་ཀྱིས། །མི་གཙང་གྲིབ་དང་ཁྲག་སྲིན་རྣ་བའི་ནད། །སྔོན་ལས་འཕྲལ་རྐྱེན་གདོན་བགེགས་འབྱུང་པོའི་ཚོགས། །གླུད་མདོས་འདི་བཞེས་གྲིབ་དང་བར་ཆད་སོལ། །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༣༨༽ མིག་གླུད་བཏང་ཐབས་ལ། ངར་མི་ལག་ན་མར་མེ་འཛིན་པ་ཆངས་བུ་འབྲུ་སྣ་བཞག་ལ། ཀྱཻ། མིག་འབྱེད་རྒྱལ་པོའི་མཐུ་སྟོབས་བྱིན་རླབས་ཀྱིས། །རླུང་མཁྲིས་བད་ཀན་ཁྲག་སྲིན་བཙོག་གྲིབ་དང་། །མིག་ལ་འཚེ་བྱེད་གྲིབ་གདོན་འབྱུང་པོའི་ཚོགས། །གླུད་མདོས་འདི་བཞེས་གྲིབ་གདོན་བར་ཆད་སོལ། །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༣༩༽ ཞ་གླུད་གཏོང་ཐབས་ལ། ངར་མི་ལག་ན་ལྕགས་སྒྲོག་ཐོགས་པ་ཆངས་བུ་མར་མེ་འབྲུ་སྣ་བཞག་ལ། ཀྱཻ། ཀླུ་དབང་རྒྱལ་པོའི་མཐུ་སྟོབས་བྱིན་རླབས་ཀྱིས། །ལྷ་ཀླུ་ས་བདག་བན་བོན་བྱད་གཏད་ཆིངས། །གྲིབ་གདོན་ཡན་ལག་ཞི་བཅིངས་ནད་ལས་ཁྲོལ། །གླུད་མདོས་འདི་བཞེས་ན་ནད་བར་ཆད་ཟློག །ཅེས་ལོ་བདུད་ཕྱོགས་སུ་ཕུལ་ལོ།། ༈ ༤༠༽ གྲིབ་མདོས་ལ། ངར་མི་རྟ་


CMR038_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཞོན་པ་ཆངས་བུ་ཟས་སྣ་མར་མེ་བཞག་ལ། ཀྱཻ། རྣམ་རྒྱལ་གཤེད་དམར་སྨེ་བརྩེགས་མཐུ་སྟོབས་ཀྱིས། །གྲིབ་བདག་བདུད་བཙན་གཤིན་རྗེ་མ་མོའི་ཚོགས། །དམ་སྲི་འབྱུང་པོ་གྲིབ་གདོན་ནད་ཀྱི་བདག །མི་དམར་རྟ་ནག་བྱ་སེར་ཁྱི་སྐྱ་བཞི། །ལྷ་ཀླུ་གནོད་སྦྱིན་བདུད་བཞི་འབྱུང་པོའི་ཚོགས། །ཡས་གླུད་འདི་བཞེས་གྲིབ་གདོན་ནད་བདག་ཚིམས། །དམེ་རླུགས་ཟས་གོས་མི་གཙང་ཉམས་གྲིབ་ཟློག །ས་ཆུ་མེ་རླུང་འབྱུང་བཞིའི་གྲིབ་གདོན་སྒྱུར། །གླུད་འདི་ལོངས་ལ་མི་གཙང་དམེ་མནོལ་སོལ། །ཅེས་ལོ་བདུད་ཕྱོགས་སུ་ཕུལ། ༈ ༤༡༽ སྤར་ཁའི་ཟམ་བཅོས་སམ་གདན་བགོས་ལ། ཆུ་ཟམ་ཁ་ལ་ཤིང་ལེབ་བཞག་ལ་སྣེ་གཉིས་སྟེང་དཀར་གཏོར་གཅིག་དང་དམར་གཏོར་གཅིག་བཞག་པའི་བར་ན། ཆངས་བུ་བརྒྱད་བཞག་ནས། ཀྱཻ། །འཇམ་དཔལ་དབྱངས་དང་ཀོང་ཙེ་འཕྲུལ་རྒྱལ་གྱིས། །བྱིན་རླབས་བཀའ་བཞིན་རྒྱུ་སྦྱོར་ཡོན་བདག་གི །ཆངས་བུ་འབྲུ་སྣ་གཤིན་གསོན་ཟས་གོས་བསྔོ། །སྤར་བརྒྱད་བདུན་ཟུར་སྨེ་དགུའི་དགྲ་དང་གཤེད། །གཤིན་གསོན་ལམ་འབྲེལ་ཕོ་མོའི་དགྲ་གཤེད་ཟློག །གཏོར་གླུད་འདི་བཞེས་འགལ་རྐྱེན་བར་ཆད་སྒྱུར། །ཅེས་གཏོར་མ་ཟམ་ཤིང་ཆངས་བུ་བཞི་རེ་ཆུ་དང་


CMR038_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དཀར་གཏོར་ཡར་མཆོད། དམར་གཏོར་མར་མཆོད། ༈ ༤༢༽ སྨེ་བའི་གདན་བགོས་ལ། ངར་མི་དཀར་ནག་གཉིས་དང་ཆངས་བུ་འབྲུ་སྣ་མར་མེ་བཞག་ལ། ཀྱཻ། འཇམ་དཔལ་དབྱངས་དང་ཀོང་ཙེ་འཕྲུལ་རྒྱལ་གྱི། །བྱིན་རླབས་བཀའ་བཞིན་རྒྱུ་སྦྱོར་ཡོན་བདག་གི །སྨེ་བའི་བདུན་ཟུར་འབྱུང་བཞིའི་དགྲ་དང་གཤེད། །ལོ་རྒན་དྲུག་ཅུའི་བདུན་ཟུར་དགྲ་གཤེད་ཟློག །ཅེས་ངར་མི་དཀར་པོ་སྟེང་དུ་མཆོད། ནག་པོ་འོག་ཏུ་མཆོད། ༈ ༤༣༽ གཤིན་གསོན་ལག་སྦྲེལ་བཅད་ཐབས་ལ། ཐེ་གུ་དཀར་ནག་གཉིས་མཐུད་པའི་སྟེང་དུ་ངར་མི་དཀར་ནག་གཉིས་ལ་ཆངས་བུ་དར་ཟབ་འབྲུ་སྣ་མར་མེ་བཞག་ལ། ཀྱཻ། འཇམ་དཔལ་དབྱངས་དང་ཀོང་ཙེ་འཕྲུལ་རྒྱལ་གྱིས། །བྱིན་རླབས་བཀའ་བཞིན་རྒྱུ་སྦྱོར་ཡོན་བདག་གི །ནམ་མཁའ་གང་བའི་འདོད་ཡོན་འདི་བསྔོས་པས། །སྤར་སྨེ་ལོ་ཟླ་ཞག་དུས་གཟའ་སྐར་ཚེས། །འགྲོ་ལམ་འདུག་ས་གཅིག་པའི་སྲོག་བདུད་གཤེད། །གཤིན་གསོན་ལག་སྦྲེལ་དཀར་ནག་མདུད་པ་ཁྲོལ། །གཤིན་པོ་ཐར་ལམ་སངས་རྒྱས་མྱུར་ཐོབ་ནས། །གསོན་པོའི་ན་སྐག་ཚེ་གླུད་བཟློག་ཅིང་སྒྱུར། །ཅེས་ཐག་པ་དཀར་ནག་མཚམས་སུ་ཆོད་ལ་གླུད་དང་བཅས་དཀར་པོ་ཡར་མཆོད། ནག་པོ་མར་འཕངས།༈ ༤༤༽ གྲི་ཁ་མཚོན་བསྒྱུར་


CMR038_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གྲི་གསུམ་སྟེང་དུ་ངར་མི་ཆངས་བུ་སོགས་གླུད་རྫས་ཀྱིས་བསྐོར་བ་བཞག་ལ། ཀྱཻ། མི་གཡོ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །བྱིན་རླབས་ནུས་མཐུས་རྒྱུ་སྦྱོར་ཡོན་བདག་གི །སྤར་སྨེ་ལོ་ཟླ་ཞག་དུས་འབྱུང་བ་ལྔ། །དགྲ་གཤེད་བདུན་ཟུར་གྲི་ཁ་མཚོན་གྱིས་སྒྱུར། །གླུད་མདོས་ལོངས་ལ་སྔོན་ལས་འཕྲལ་རྐྱེན་ཟློག །ཅེས་བདུན་ཟུར་ཕྱོགས་སུ་འཕངས་ལ། གྲི་ཟོར་དགུ་བྲབ་བོ།། ༈ ༤༥༽ ཤི་འདྲེ་གླུད་མདོས་ནི། ངར་མི་ཆངས་བུ་མར་མེ་འབྲུ་སྣ་བཞག་ལ། ཀྱཻ། འཇམ་དཔལ་ཕྱག་རྡོར་འཕགས་མཆོག་ཐུགས་རྗེའི་མཐུས། །དྲི་ཟ་གཤེད་མ་བགེགས་རིགས་ལན་ཆགས་མགྲོན། །མཆོད་སྦྱིན་འདི་འབུལ་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་ཀུན་ཞི་བུ་ལོན་སྦྱངས་ཕྱིར་བསྔོ། །ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༤༦༽ རྟ་ནད་གཅོད་མདོས་ལ། ངར་མི་རྟ་མགོ་ཅན་ལ་ཆངས་བུ་འབྲུ་སྣ་མར་མེ་དར་སྣ་བཞག་ལ། ཀྱཻ། ཁྲོ་རྒྱལ་རྟ་མགྲིན་ལྷ་ཚོགས་ཐུགས་རྗེའི་མཐུས། །རྟ་དྲེལ་འཚེ་བྱེད་གདོན་བགེགས་འབྱུང་པོའི་ཚོགས། །གླུད་མདོས་འདི་བཞེས་འཚེར་རྩུབ་བར་ཆད་ཟློག །རྟ་སྲི་གོད་ཁ་ཟློག་སྒྱུར་བདེ་ལེགས་ཤོག །ཅེས་བྲག་དམར་རྩ་རུ་བསྐྱལ་ལོ།། ༈ ༤༧༽ གློ་ཧོན་ཁ་ཚའི་ཟློག་པ་ལ། ངར་མི་


CMR038_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཁྱི་མགོ་ཅན་བདུན་ཟུར་རྟ་ལ་ཞོན་པ་ལག་ན་གྲི་དང་རྒྱུ་མ་བཟུང་བ་ཕོ་ཁའི་ཞ་དང་ཁྲག་དྲོད་ཁུར་བ། ཕྲག་གཡས་གཡོན་སྡེ་དགུའི་ཐལ་བ་དང་། ཁྲོ་ཆག་དུམ་དགུ་སྣེ་མེ་གང་བྱས། གོད་རུས་གློ་བ་ཤ་ཁྲག་དུམ་བུ་དགུ་རེ། རེ་ནག་ཁུག་ཆུང་གཉིས་ནང་དུ་བཅུག་ལ་ཁ་གཉིས། ཁྱི་སྤུ་ར་སྤུ་གཉིས་ཀྱིས་སྐུད་པ་ནག་ཁྲས་བཅིངས་པ་གཟར། ནམ་མཁའ་མདའ་འཕང་དར་ཚོན་གྱིས་བརྒྱན། སྔོན་ལ་རི་བོང་རིལ་མ་དགུ་རྩྭ་ཐུར་དགུ་བྱ་གོ་བོའི་སྒྲོ་དགུ་ལ་ཆངས་བུ་འབྲུ་སྣ་མར་མེ་བཅས་བཞག་ལ། ཀྱེ།བླ་མ་ཡི་དམ་མཁའ་འགྲོ་ནོར་ལྷའི་ཚོགས། །ཐུགས་རྗེའི་མཐུ་དཔུང་བགེགས་ཚོགས་མ་ལུས་པ། །གོད་འདྲེ་ནད་བདག་གློ་ཧོན་རྒྱལ་པོ་ཁྱོད། །མི་ནག་ཁྱི་གདོང་བདུན་ཟུར་རྟ་ལ་ཞོན། །ཕོ་ཁའི་ཞྭ་གྱོན་བཤའ་གྲི་རྒྱུ་མ་བཟུང་། །ནད་བདག་རྒྱལ་ཆེན་སྲིད་པའི་འདྲེ་དགུས་བསྐོར། །གོད་འདྲེ་ནད་བདག་ལྟས་ངན་འབྱུང་པོའི་ཚོགས། །འདོད་ཡོན་འདི་ཁྱེར་ལན་ཆགས་བུ་ལོན་བྱང་། །གློ་ཧོན་ཁ་ཚ་ཐོམ་ཡམས་ས་ནད་སོགས། །ནོར་གོད་ཡམས་ནད་བར་ཆད་བཟློག་ཅིང་སྒྱུར། །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༤༨༽ ལུག་ནད་གོད་མདོས་ལ། ངར་མི་སྤྱང་གདོང་ཕག་ནག་ཞོན་པ་ལ། ཆངས་བུ་འབྲུ་སྣ་ཤ་ཁྲག་མར་མེ་བཞག་ལ། ཀྱཻ། །དཀོན་མཆོག་རྩ་གསུམ་རབ་འབྱམས་བདེན་སྟོབས་


CMR038_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ལུག་ནད་གོད་འདྲེ་དམ་སྲི་འབྱུང་པོའི་ཚོགས། །འདིར་ཁུག་གླུད་མདོས་འདི་ཁྱེར་ནད་གདོན་བགེགས། །མ་ལུས་ཚིམ་ཞིང་གནོད་སེམས་ལན་ཆགས་བྱང་། །གོད་ཁ་ཆོད་ལ་བར་ཆད་བཟློག་ཅིང་སྒྱུར། །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༤༩༽ བོར་འདྲེ་བཀར་ཐབས་ལ། ངར་མི་མགོ་ལ་སྣེ་མེ་གྱོན་པ་ཆངས་བུ་འབྲུ་སྣ་མར་མེ་བཞིག་ལ། ཀྱཻ། སྒབ་འདྲེ་འབྱུང་པོ་ལག་ཟེད་རྗེས་འཁྱམས་ཁྱོད། །འདོད་ཡོན་ཆངས་བུ་མཐུན་རྫས་འདི་ཁྱེར་ལ། །གནོད་སེམས་ཕུང་འདྲེ་བོར་སྟོར་གེགས་མ་བྱེད། །ཚེ་རབས་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཞེས་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༥༠༽ ཆག་འདྲེ་བཀར་ཐབས་ལ། ངར་མི་ནག་པོ་ཆག་དུམ་བཟུང་བ་ལ་འབྲུ་སྣ་མར་མེ་བཞག་ལ། ཀྱཻ། མི་ནོར་བགེགས་དང་ཆག་འདྲེ་འགོང་པོའི་གདོན། །དམ་སྲི་ཐེའུ་རང་ཕུང་འདྲེ་དགུ་འཁོར་བཅས། །ཆག་འདྲེ་དབུལ་བདུད་འབྱུང་པོ་རྗེས་འཁྱམས་ཁྱོད། །འདོད་ཡོན་འདི་ཁྱེར་ལན་ཆགས་བུ་ལོན་བྱང་། །ཆག་འདྲེའི་དམ་སྲི་འགོང་པོ་བཟློག་ཅིང་སྒྱུར། །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ། ༈ ༥༡༽ ན་ཤི་དུར་གླུད་ལ། ངར་མི་སྤུར་འདྲ་བ་བྱས་ལ། ནད་པའི་གོས་རྙིང་པའི་ནང་ལ་སྐྲ་སེན་ཆངས་བུ་བརྒྱ་བརྒྱད་དེ་


CMR038_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤ་ཁྲག་བཞག་པའི་སྔོན་ལ། བགེགས་གཏོར་འབྲུ་སྣ་དར་ཟབ་རྨུ་ཐག་ཞྭ་ལྷམ་བཅས་པ་བཞག །ཁྱི་ལ་སྒ་སྲབ་བྱས་པ་བཟུང་བཅོལ་ལ། ཀྱཻ། ཉོན་ཅིག་འཆི་བདག་ནད་འདྲེ་གདོན་བགེགས་ཚོགས། །བདག་ལུས་གཅེས་འཛིན་ཕུང་པོ་སྒྱུ་མའི་གཟུགས། །དུག་ལྔ་ནད་ཀྱིས་ཟིན་ནས་མོ་མ་བཀུག །སྟོད་སྨད་ཚ་གྲང་འཐབ་ནས་སྨན་པ་བསྙགས། །ནད་གདོན་སོ་སོར་ཕྱེ་ཕྱིར་བླ་མ་བོས། །སྲོག་དང་ནོར་གཉིས་བརྗེ་ཕྱིར་རིམ་གྲོ་བྱས། །འདྲེ་གདོན་འབྱུང་པོ་རེ་ཞིང་ཆགས་ཆེ་བའི། །སྨན་སྤྱད་རིམ་གྲོས་བསླུ་ཐབས་མ་བྱུང་བས། །འདོད་ཆགས་མི་ལུས་བོར་བའི་ལུས་སེམས་བྲལ། །འཆི་བདག་གཤེད་མས་དེད་ནས་གཤིན་རྗེས་ཁྲིད། །འདྲེ་གདོན་འབྱུང་པོ་ལྷ་འདྲེའི་དམག་གིས་དེད། །ཞེ་སྡང་གཟུགས་ཀྱི་ཕུང་པོ་ས་ལ་ཐིམ། །ས་བདག་ཧལ་ཁྱི་སྡེ་བརྒྱད་རོ་འདི་བཞེས། །འཚོ་སྐྱོང་སྡུག་གིས་བསགས་པའི་ནོར་རྫ་ས་འདིས། །བན་བོན་བླ་སེར་གདན་དྲངས་བསྔོ་རྟེན་ཞོག །གཏི་མུག་རྨོངས་པའི་བྲང་བརྡུང་ངུ་ཚིག་གྱིས། །འདྲེ་གདོན་འབྱུང་པོ་དགའ་བའི་རེ་ཆགས་ཞི། །ཞྭ་གོས་ལྷམ་སོགས་ཕུང་པོ་འདི་ཁྱེར་ལ། །མ་ཆགས་མ་ཞེན་འདྲེ་གདོན་འབྱུང་པོའི་ཚོགས། །མ་འདུག་ན་ཤི་


CMR038_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དུར་གླུད་འདི་ཁྱེར་ལ། །དུར་ས་ལུང་གསུམ་མདོ་ལ་བཟློག་ཅིང་སྒྱུར། །ཅེས་ཁྱི་ལ་བཀལ་ནས་ལོ་བདུད་ཕྱོགས་སམ་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༥༢༽ བྱ་ཐན་ཟློག་པ་ལ། ངར་མི་རྔ་མོང་ཞོན་པ་ཆངས་བུ་དང་སྡེ་དགུའི་ཐལ་བ་ཟས་སྣ་མར་མེ་བཞག་ལ། ཀྱཻ། བྱ་ནག་ཐན་བསྒྱུར་ལྷ་འདྲེ་མི་མ་ཡིན། །རྨི་ལམ་རྟགས་མཚན་ལྟས་ངན་འབྱུང་པོའི་གདོན། །མི་ནོར་ཚེ་སྲོག་བར་ཆད་བཏང་བའི་བདུད། །འདྲེ་སྲིན་བྱ་ནག་ཐན་ལྟས་བཟློག་ཅིང་སྒྱུར། །ཡས་གླུད་འདི་བསྔོ་མི་དང་དུད་འགྲོའི་རིགས། །སྟེང་འོག་གནམ་ས་བར་གྱི་ཐན་ལྟས་དང་། །འབྱུང་བ་བཞི་སོགས་བརྡ་ཐན་ངན་པ་ཟློག །ཅེས་སྣོད་ཁ་བརྡུང་ཞིང་ལུང་གསུམ་མདོ་ལ་བསྐྱལ་ལོ། ༈ ༥༣༽ གླང་ཆེན་སྣ་བསྒྱུར་རམ་ནད་བདག་སྟོབས་འཇོམས་ལ། ངར་མི་ནག་པོ་གླང་ཆེན་གདོང་ཅན། ཕག་ནག་ཞོན་པ་ཆངས་བུ་འབྲུ་སྣ་ཤ་ཁྲག་མར་མེ་བཞག་ལ། སྟེང་དུ་ནམ་མཁའི་མདའ་འཕང་དར་ཚོན་བརྒྱན་པར་བྱའོ།། ཀྱཻ། ནད་བདག་འདྲེ་སྲིན་བགེགས་ཀྱི་རྒྱལ་པོ་ཁྱོད། །མི་ནག་གླང་ཆེན་གདོང་ཞལ་ཕག་ལ་ཞོན། །བགེགས་ཆེན་བཞི་དང་སྟོང་ཕྲག་བརྒྱད་ཅུའི་གདོན། །ཕོ་འདྲེ་མོ་འདྲེ་བཙན་འཁྱམས་ལམ་འདྲེ་དང་། །ནད་ཡམས་དལ་བདག་གནོད་བྱེད་ཚོགས་ཀུན་གྱིས། །


CMR038_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་མང་པོའི་ལན་ཆགས་སྙག་པའི་བདུད། །བསད་བཅད་བརྡུང་བརྡེགས་ལན་ཆགས་བུ་ལོན་མགྲོན། །ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་བས། །བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ཕན་སེམས་ལྡན། །ཚེ་རབས་གཏན་གྱི་ལོངས་སྤྱོད་ཐོབ་པར་ཤོག །ཅེས་ལུང་གསུམ་མདོ་ལ་བསྐྱལ་ལོ།། ༈ ༥༤༽ བྱིས་ཆུང་འཕུར་མདོས་ལ་རུས་སྦལ་སྟེང་དུ་བྱིས་ཆུང་དགུ་བཞག་དེ་ལ་བྱ་སྒྲོ་བཅུ་གཉི་ས་འཛུགས་ལ་ཆངས་བུ་ཉེར་གཅིག་འབྲུ་སྣ་དང་རྡེའུ་དྲུག་ཅུ་བཞག་ལ། ཀྱཻ། སྲིད་པའི་དབང་ཆེན་རུས་སྦལ་སེར་པོའི་སྟེང་། །ལྷ་བུ་ཀླུ་མོ་གཉན་གྱི་བྱིས་ཆུང་དགུ། །འབྱུང་བཞི་ལུས་ཁམས་ཚང་བའི་འདབ་ཆགས་རིགས། །སྤར་བརྒྱད་སྨེ་དགུ་ལོ་སྐོར་བཅུ་གཉིས་གཟུགས། །ལོ་ཟླ་ཞག་དུས་ལོ་རྒན་དྲུག་ཅུ་ཤར། །འབྱུང་བཞི་སྒྲ་གཅན་འཁོར་ལོའི་མདའ་དང་གཞུ། །དགྲ་གཤེད་བདུན་ཟུར་སེང་ཞལ་ཆུ་སྲིན་གདོང་། །བྱིས་ཆུང་དགུ་མདོས་རྡེའུ་དྲུག་ཅུས་ཟློག །མཐུན་པའི་ཡས་གླུད་སྣ་ཚོགས་འདི་བཞེས་ལ། །སྤྱིར་སྨེ་བདུན་ཟུར་དགྲ་གཤེད་བཟློག་ཅིང་སྒྱུར། །ཅེས་གནམ་ལོའི་བདུན་ཟུར་ཕྱོགས་སུ་ཕུལ་ལོ།། ༈ ༥༥༽ སྤར་ཁའི་གཏོ་བརྒྱད་བསྡུས་པ་ལ། རུས་སྦལ་གན་རྐྱལ་སྟེང་དུ་དམར་གཏོར་དགུ། ཟན་ཀོང་བཞི་ནང་ས་ཆུ་མེ་རླུང་


CMR038_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དར་ལྗང་ནམ་མཁའ་འཛུགས། ཆངས་བུ་ཉེར་བརྒྱད་འབྲུ་སྣ་མར་མེ་བཞག ཀྱཻ། འཇམ་དབྱངས་ས་སྙིང་བྱམས་པ་བཅོམ་ལྡན་འདས། །བཀའ་བཞིན་ས་བདག་དབང་ཆེན་བརྟན་མའི་ཚོགས། །སྤར་བརྒྱད་སྨེ་དགུ་ཕྱག་རྒྱ་དགུ་ལིང་ལ། །ལོ་སྐོར་བཅུ་གཉིས་ལོ་རྒན་དྲུག་ཅུས་བསྐོར། །ལོ་ཟླ་ཞག་དུས་གཟའ་སྐར་འབྱུང་བ་ལྔ། །སྲོག་ལུས་དབང་ཐང་རླུང་རྟ་དགྲ་གཤེད་དང་། །དྲི་ཟ་གཤིན་རྗེ་མ་མོ་གནོད་སྦྱིན་བགེགས། །འདོད་ཡོན་མཐུན་རྫས་གླུད་གཏོར་འདི་འབུལ་བཞེས། །བདུད་བཞིའི་བར་ཆད་གཡུལ་ངོ་བཟློག་ཅིང་སྒྱུར། །ཅེས་ལོ་བདུད་ཕྱོགས་སུ་བསྐྱལ་ལོ།། ༈ ༥༦༽ ས་བདག་དབང་ཆེན་དོན་བསྡུས་ལ། རི་རབ་བང་རིམ་བཞི་པའི་སྟེང་དུ་རུས་སྦལ་གདན་སྟེང་དཀར་གཏོར་འདབ་བརྒྱད་ཆེ་བ་གཅིག་དེའི་མཐར་ལོ་བཤོས་བཅུ་གཉིས་སྨེ་བཤོས་དགུ་དང་། དེ་རྒྱབ་དཀར་གཏོར་བཞི་ལ་གཟུགས་འགྲོས་སྣ་ཚོགས་ཀྱིས་བསྐོར་བ་དར་ཟབ་ནམ་མཁའ་བལ་ཚོན་ཤིང་རྩི་སྣ་ཚོགས་འབྲུ་སྣ་ཡོས་ཁྲ་དཀར་གསུམ་ཀླུ་སྨན་མར་མེ་བཞག་ལ། ཀྱཻ། འབྱུང་བ་རིམ་བརྩེགས་རི་རབ་རུས་སྦལ་སྟེང་། །ས་སྙིང་སྨྱུ་གུ་དྲིལ་འཛིན་བཀའ་བཞིན་དུ། །ས་བདག་དབང་ཆེན་ཡུམ་སྲས་རྒྱལ་བློན་དང་། །ས་ཡི་ལྷ་མོ་བརྟན་མ་ཀླུ་ཆེན་བརྒྱད། །ནོར་


CMR038_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བུམ་འཛིན་སྦྲུལ་མཇུག་གདེངས་ཀ་ཅན། །ས་བདག་རྒྱལ་བློན་བཅུ་བདུན་འཁོར་དང་བཅས། །སྤར་བརྒྱད་སྨེ་དགུ་ལོ་རྒན་དྲུག་ཅུའི་འཁོར། །ཁྱི་འབྲུག་གླང་ལུག་ལོ་སྐོར་བཅུ་གཉིས་དང་། །ལོ་ཟླ་ཞག་དུས་འབྱུང་བ་ལྔ་ལས་གྲུབ། །དྲི་ཟ་གཤིན་རྗེ་མ་མོ་གནོད་སྦྱིན་གདོན། །ཚེས་གྲངས་དུས་ལ་རྒྱུ་བའི་དགྲ་གཤེད་དང་། །ཀླུ་གདོན་ས་བདག་སྡེ་བརྒྱད་འཁྲུག་པ་དང་། །རྨ་གཉན་སྐྱོང་ལྷོག་ཞ་ལོང་ཤུ་འབྲུམ་མཛེ། །བཙའ་སད་སེར་བ་ལོ་ཉེས་དམག་འཁྲུག་རྩོད། །མི་ཕྱུགས་དལ་ཡམས་ནད་དང་གདོན་བགེགས་སྲི། །མི་མཐུན་གཡུལ་ངོ་དུས་ཀྱི་རྒུད་པ་སོགས། །བཟློག་ཅིང་སྒྱུར་རོ་ཀླུ་གདོན་ས་བདག་རྣམས། །རི་བྲག་ལྗོན་ཤིང་ཆུ་མིག་གནས་མལ་སོགས། །ས་རྐོ་རྡོ་བརླག་ཤིང་བཅད་ཐབ་གཞོབ་སོགས། །ལྷ་ཀླུ་ས་བདག་འགལ་འཁྲུལ་ཅི་མཆིས་པ། །འདོད་ཡོན་དཀར་གསུམ་མཐུན་པའི་དམ་རྫས་དང་། །གཏོར་མ་འདི་བཞེས་མཐོལ་བཤགས་བཟོད་པར་གསོལ། །ཕྱིན་ཆད་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །ཅེས་པ་ས་ཆུ་གང་ལ་ཕོག་ཐུག་སོང་ན་དེ་ཕྱོགས་འབུལ་ལོ།། ༈ ༥༧༽ བདུད་བཞི་གཡུལ་མདོས་ལ། སཱཙྪ་གཅིག་དང་ངར་མི་བཞི། ཆངས་བུ་


CMR038_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་མར་མེ་བཞི་རེ་འབྲུ་སྣ་དར་ཚོན་རྫོང་འདེབས་བཞག་ལ། ཀྱཻ། སངས་རྒྱས་སྨོན་ལམ་ལས་གྲུབ་མཆོད་རྟེན་དྲུང་། །ཐ་ཚིག་མཆོད་སྦྱིན་བདུད་བཞི་འབྱུང་པོའི་ཚོགས། །མི་ནོར་ཚེ་སྲོག་བར་ཆད་བྱེད་པའི་བགེགས། །ཤར་ཕྱོགས་ལྷ་བདུད་མི་དཀར་མཛེས་པའི་གཟུགས། །འདོད་ཡོན་འདི་བཞེས་ལན་ཆགས་བུ་ལོན་བྱང་། །གནོད་འཚེ་བར་ཆད་བཟློག་ལ་གདོན་བགེགས་སྒྱུར། །ལྷོ་ཕྱོགས་འཆི་བདག་མི་སེར་མཛེས་པའི་གཟུགས། །འདོད་ཡོན་འདི་བཞེས་ལན་ཆགས་བུ་ལོན་བྱང་། །གནོད་འཚེ་བར་ཆད་བཟློག་ལ་གདོན་བགེགས་སྒྱུར། །ནུབ་ཕྱོགས་ཉོན་བདུད་མི་དམརོ་མཛེས་པའི་གཟུགས། །འདོད་ཡོན་འདི་བཞེས་ལན་ཆགས་བུ་ལོན་བྱུང་། །གནོད་འཚེ་བར་ཆད་བཟློག་ལ་གདོན་བགེགས་སྒྱུར། །བྱང་ཕྱོགས་ཕུང་བདུད་མི་ནག་མཛེས་པའི་གཟུགས། །འདོད་ཡོན་འདི་བཞེས་ལན་ཆགས་བུ་ལོན་བྱུང་། །གནོད་འཚེ་བར་ཆད་བཟློག་ལ་གདོན་བགེགས་སྒྱུར། །དྲི་ཟ་གཤིན་རྗེ་གནོད་སྦྱིན་མ་མོའི་གདོན། །བདུད་བཞི་སྡེ་བརྒྱད་འབྱུང་པོ་གདོན་བགེགས་ཚོགས། །བཟློག་ཅིང་སྒྱུར་རོ་ནད་ཡམས་དལ་ཁ་ཆོད། །ཅེས་ཕྱོགས་བཞིར་


CMR038_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་ནོ།། ༈ ༥༨༽ རྟ་གླུད་སྲབ་མདའ་དཀར་ནག་ལ། རྟ་དཀར་སྒ་སྲབ་བྱས་ལ་སྲབ་མདའ་དཀར་པོ་ཡོན་བདག་གིས་བཟུང་བཅོལ། ཁྱི་ནག་ལ་སྒ་སྲབ་བྱས་སྲབ་མདའ་ནག་པོ་བུད་མེད་མཚན་ངན་ཞིག་གིས་བཟུང་བཅོལ་ལ། དེ་གཉིས་ཀྱི་བར་ན་གདན་དཀར་པོའི་སྟེང་དུ་ནས་ཀྱི་གཡུང་དྲུང་གཡས་འཁྱིལ་བྲིས་པའི་སྟེང་དུ་མདའ་དར་དཀར་པོ་དང་ནག་པོ་གཉིས་འཛུགས་ལ་ཕྱེ་མར་དང་། ཐལ་བ་སྡེར་གང་བཞག །ཕྱེ་མར་ཐོག་ལ་དཀར་གཏོར་དར་ཚོན་རྒྱན་པ་༈ འབྲུ་སྣ་བཞག །ཐལ་སྡེར་ཐོགས་ལ་དམར་གཏོར་དར་ནག་རྒྱན་པ་ཆངས་བུ་ཤ་ཁྲག་བཞག་ལ། བསྭོ། བསྐུལ་ལོ་བསྐུལ་ལོ་རྟ་ལྷ་རེ་མནྟ། །ཛཾ་ལྷ་རྣམ་སྲས་རྟ་བདག་ཀུ་བེ་ར། །རྔོག་ཆགས་རྟ་ཕྱུགས་སྐྱོངས་ལ་བདག་པོ་མཛོད། །རྟ་ཕྱུགས་གོད་ཁ་བཟློག་ལ་གཡུལ་ངོ་སྒྱུར། །འཚེར་ལྷད་འཐིང་གྲུམ་ཨོག་ཆམ་གློ་བུར་གཟེར། །དམ་སྲི་སྒབ་འདྲེ་བཙན་འཁྱམས་ལམ་འདྲེ་ཟློག །ཕ་མྱེས་སྲུང་མ་མ་སྲུ་རིགས་རྒྱུད་གཡང་། །བུ་རྟ་སྒོ་ཕྱུགས་སྐྱོང་ལ་འཚོ་རྫི་མཛོད། །གཏོར་མ་འདི་བཞེས་ཕྲིན་ལས་གྲོགས་མཛོད་ཅིག །རྔོག་ཆགས་རྟ་འཕེལ་རྟེའུ་བསྲུང་བསྐྱབས་ནས། །འཚོ་སྐྱོང་བྱ་ར་མེལ་ཚེ་གྲོགས་མཛོད་ཅིག །ཅེས་དཀར་གཏོར་སྟེང་ཕྱོགས་མཆོད་ལ། བསྲོ། ཉོན་ཅིག་འདྲེ་བགེགས་འབྱུང་པོ་མི་མ་ཡིན། །རྟ་ཕྱུགས་གོད་འདྲེ་


CMR038_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་སྲི་གདོན་དང་བགེགས། །བཙན་འདྲེ་ཁྱི་ནག་རྗེས་སུ་འབྲང་བའི་བདུད། །རྟ་ཕྱུགས་སྒབ་འདྲེ་ལན་ཆགས་འགོང་པོའི་ཚོགས། །གླུད་གཏོར་འདི་ཁྱེར་རྟ་ནད་འཚེར་རྩུབ་ཟློག །སྒོ་ཕྱུགས་དལ་ཡམས་བར་ཆད་བཟློག་ཅིང་སྒྱུར། །ཅེས་གླུད་གཏོར་ཁྱི་རྒྱབ་བཀལ་ཁྱི་རྗེས་ཐལ་བ་བཏབ་ལ་དགྲ་ཕྱོགས་སུ་བསྐྱལ་ལོ།། ༈ ༥༩༽ ཕྱུགས་ལྷ་གཡང་བསྟོད་ནི། །མདའ་དར་ཕྱེ་མར་བཅས་ཐོགས་ལ། ཀྱཻ། ཕོ་ལྷ་རྟ་ཕྱུགས་སྒོ་ནོར་ལོངས་སྤྱོད་གཡང་། །མདའ་དར་ཕྱེ་མར་ཁྱིམ་བདག་བུ་ལ་གཏད། །སྒོ་ནོར་རྟ་ཕྱུགས་ལོངས་སྤྱོད་དགེ་མཚན་|རྒྱས་། །བཀྲ་ཤིས་རིགས་རྒྱུད་མི་ནོར་འཛོམ་པར་ཤོག །ཅེས་མི་རྟ་ཕྱེ་མར་རོལ། ཀི་བསྭོ་ལྷ་རྒྱལ་ལོ། །ཞེས་བརྗོད་ལ་བཀྲ་ཤིས་བཅས་རང་གནས་གཤེགས་སོ།། ༈ ༦༠༽ གཟའ་ནད་བཀར་gཐབས་ལ། ར་གྲོད་ནང་ཆངས་བུ་ལོ་གྲངས་རྡེའུ་དཀར་ནག་དགུ་བླུགས། ངར་མི་སྤྲུལ་མཇུག་ཅན་ལ་ནད་པའི་སྐྱ་སེན་གོས་དུམ་དང་སེམས་ཅན་གང་ཡིན་མིག་འབྲས་དགུ་དང་བཅས་པ་བཞག །མིག་འབྲས་མ་འཛོམ་ན་རྡེའུ་དགུ་ལ་ཁ་མིག་བྲི་ཆོག་པས་གང་འཛོམ་བཞག་ནས་ཕུ་བཏབ་ལ། དཔལ་འབར་དགུ་འཛུགས། སྐུད་པ་ཁྲ་བོས་ཁ་བཅིང་གྲོད་པའི་ཕྱི་ལ་ཁ་དགུ་མིག་བརྒྱད་བྲིས་ལ་སྔགས་ནི། ཀཿནཱ་ག་མ་མ་ཡོ་གཟའ་འགྲམ་ཆད་ནན། ཚར་བརྒྱད་


CMR038_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ལ་བཞག ཀྱཻ། དཀོན་མཆོག་རྩ་གསུམ་གསང་བདག་བདེན་སྟོབས་ཀྱིས། །ཉི་ཟླ་འདོམ་གང་དབང་བའི་སྒྲ་གཅན་འཛིན། །འབྱུང་བ་ལྔ་ལས་རྒྱུ་བའི་གཟའ་ཆེན་བརྒྱད། །གནམ་ས་མེ་ཆུ་རླུང་གཟའ་བདུད་དང་བགེགས། །མ་ལུས་བརྟེན་མཁར་འདི་ལ་དབྱེར་མེད་ཐིམ། །ཁྱོད་ལ་མཁོ་བའི་ལོངས་སྤྱོད་འདི་བཞེས་ལ། །གཟའ་གདོན་གྲིབ་དང་འབྱུང་པོའི་རྒྱབ་རྟེན་ཁྲོལ། །བཟློག་ཅིང་སྒྱུར་རོ་ཧཱུྃ་ཧཱུྃ་ནཱ་ག་ཀླུ། །གཟའ་གདོན་ནད་བདག་གྲོལ་ལ་བར་ཆད་ཟློག །ཅེས་བརྡུང་གྲབ་བྱས་ཏེ། ཉེར་གཅིག་བརྗོད། མཐར་དཔལ་འབར་སྦར་ལམ་བསྟན་བྱའོ། །གཟའ་གདོན་གྲིབ་དང་བགེགས་རིགས་འབྱུང་པོའི་ཚོགས། །ས་ཆུ་མེ་རླུང་དྲང་སྲོང་རང་གནས་སུ། །མཐའ་མེད་རྒྱ་མཚོའི་ཕ་རོལ་མྱུར་དུ་གཤེགས། །སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར་ཁང་གྱུར། །ཅེས་ལོ་བདུད་ཕྱོགས་སམ་ཆུ་བོ་ལ་ཕུལ་ལོ།། ༈ ༦༡༽ ཆུང་སྲི་གདོན་མདོས་ལ། ངར་མི་རི་བོང་ཞོན་པ་ལ་ཆངས་བུ་འབྲུ་སྣ་ཤ་ཁྲག་མར་མེ་བཞག་ལ། ཀྱཻ། དམ་སྲི་ཡ་མ་ཆུང་སྲི་སྒབ་འདྲེ་དང་། །མི་ཕྱུགས་དལ་ཡམས་ནད་བདག་གདོན་བགེགས་ཚོགས། །གླུད་མདོས་འདི་བཞེས་ལན་ཆགས་བུ་ལོན་བྱང་། །ཆུང་སྲི་བསྲེ་རག་གོད་འདྲེ་བཟློག་


CMR038_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྒྱུར། །ཅེས་ལོ་བདུད་ཕྱོགས་སུ་བསྐྱལ་ལོ།། ༈ ༦༢༽ གླུད་འཕྱང་མཆོད་སྦྱིན་རྒྱ་མཚོ་དང་། ངར་མི་ཕོ་གླུད་མོ་གླུད་གཉིས་ལ་ནམ་མཁའ་རྒྱང་བུ་མདའ་འཕང་དར་ཚོན་འཛུགས་པ་འབྲུ་སྣ་ཡོས་བཀྲ་ཆངས་བུ་དྲི་གླུད་ཟས་སྣ་ཤ་ཁྲག་མར་མེ་རྫོང་འདེབས་རིགས་བཞག་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་བྱ། སྟོང་པའི་ངང་ལས་ཧཱུྃ་ཡིག་ཡོངས་གྱུར་ལས། །སྟོང་གསུམ་འཇིག་རྟེན་གང་བའི་འདོད་ཡོན་ཚོགས། །ཟད་མེད་ལོངས་སྤྱོད་མཆོད་སྦྱིན་བསྔོ་བའི་མགྲོན། །ལྷ་ཡི་བུ་ཆུང་མི་དཀར་མཛེས་པའི་གཟུགས། །དར་གོས་རྒྱན་ཆས་སྦ་དམར་གྲི་ཆུང་རྐེད། །ཝ་དམར་ཅོག་ཞྭ་རྨ་བྱའི་ལྡེམ་འཕྲུ་ཅན། །ཀླུ་ཡི་བུ་མོ་དཀར་དམར་མཛེས་པའི་གཟུགས། །དར་གོས་རྒྱན་ཆས་མུ་ཏིག་ལན་ཚར་ཅན། །ལྷ་ཡི་བུ་ཆུང་ཀླུ་ཡི་བུ་མོ་གཉིས། །ལུས་ནི་རིན་ཆེན་ལས་གྲུབ་རྒྱན་སྤྲས་མཛེས། །ཁོག་སྟོད་རིན་ཆེན་གསེར་དང་དངུལ་ལས་གྲུབ། །ཁོག་སྨད་ཟངས་ལྕགས་སྐེད་པ་གཡུ་ལས་གྲུབ། །ལུང་ཐང་མིག་ལ་མགྲོན་བུའི་སོ་ལས་གྲུབ། །ཟེར་མོའི་སྐུ་དང་རྨ་བྱའི་མདོངས་ལས་གྲུབ། །ཁམས་དང་སྐྱེ་མཆེད་དབང་པོ་སྒོ་ལྔ་ཚང་། །འགྲོ་རྒྱུག་ལྡེམ་ལྡེམ་ཀླུ་ལེན་ཀྱུ་རུ་རུ། །ནམ་མཁའ་རྒྱང་བུ་མདའོ་འཕང་ལྡེམས་སེ་


CMR038_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམ། དར་ཟབ་འབྲུ་སྣ་ཆངས་བུ་སྤུངས་སེ་སྤུང་། །མཛེས་པའི་མར་མེ་མེ་ཏོག་ལམས་སེ་ལམ། །སྒྲ་སྙན་དྲི་ཞིམ་རོ་མཆོག་ཏ་ལ་ལ། །འདབ་ཆགས་བྱ་རིགས་རྩེ་འཇོ་ཀྱི་ལི་རི་དྭགས་སྣ་ཚོགས་རྒྱུག་དང་བྲིངས་སེ་བྲིང་། །རྟ་རྐྱང་བོང་དྲེལ་འཚེར་དང་ལྷངས་སེ་ལྷང་། །འབྲི་གཡག་མང་པོ་ངར་དང་ཆེམས་སེ་ཆེམ། །བ་གླང་རྣམས་ནི་སྐད་སྒྲ་དི་རི་རི། །ར་ལུག་རྣམས་ནི་འབའ་དང་དི་རི་རི། །གཅན་གཟན་རྣམས་ཀྱི་ངར་སྐད་ཆི་ལི་ལི། །གསེར་དངུལ་གཡུ་ཕྱེ་མུ་ཏིག་ལམས་སེ་ལམ། །ནས་འབྲས་གྲོ་སྲན་ཡུངས་ཏིལ་མར་དང་ཇ། །དཀར་དམར་ཤ་ཁྲག་བཟའ་བཏུང་ཕུན་སུམ་ཚོགས། །དར་གོས་སྣམ་ཕྲུག་ཞྭ་ལྷམ་སྐེ་རགས་བཅས། །ཡུལ་མཁར་སྦྲ་གུར་ཐབ་དཔྱད་རྒྱན་ཆས་སོགས། །ལས་ལྷག་པའི་ཕོ་མོ་བྱིས་པའི་གླུད། །ནོར་ཕྱུགས་ས་ཞིང་ལྗང་བུ་དངོས་ལྷག་གླུད། །མདོར་ན་མ་ཚང་མེད་པའི་མཆོད་སྦྱིན་གྱི། །འདོད་ཡོན་མཁོ་དགུའི་ལོངས་སྤྱོད་བསམ་མི་ཁྱབ། །དེ་འདྲའི་བརྒྱ་སྟོང་གྲངས་མེད་ལས་གྱུར་པའི། །སྟེང་འོག་ཕྱོགས་མཚམས་འཛམ་གླིང་ལྷ་དང་ཀླུ། །དྲི་ཟ་གཤིན་རྗེ་མ་མོ་གནོད་སྦྱིན་ཁྲི། །གཟའ་ཀླུ་རྒྱལ་བཙན་ཐེའུ་


CMR038_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རང་འབྱུང་པོའི་གདོན། །བདུད་བཞི་བགེགས་ཚོགས་འདྲེ་སྲིན་མི་མ་ཡིན། །བསམ་སྦྱོར་ལོག་པའི་དགྲ་འདྲེ་རྣམས་ལ་བསྔོ། །གློ་བུར་དུས་མིན་འཆི་བའི་བར་ཆད་ཟློག །ལྷ་ཀླུ་སྡེ་བརྒྱད་བན་བོན་བྱེད་མ་སོགས། །མཐུ་གཏད་བསམ་ངན་སྦྱོར་རྩུབ་ཁྲམ་ཁ་ཟློག །མི་ཁ་བྲ་མཆུ་ཐན་ལྟས་ངན་པ་དང་། །ཀླུ་ནད་ཞ་གྲུམ་མཛེ་དུག་ནད་ཡམས་སོལ། །འཇིགས་ཆེན་བརྒྱད་དང་གདོན་བགེགས་སྟོང་ཕྲག་སྒྱུར། །མ་བསད་སྲོག་ལན་མ་ཟོས་བུ་ལོན་སོགས། །རེ་ཞིང་ཆགས་པའི་སྲོག་བདུད་ལན་ཆགས་ཟློག །སྔོན་ལས་འཕྲལ་རྐྱེན་ཕྱི་ནང་བར་ཆད་བདུད། །ཡམས་སྣ་ཕུང་གྱོད་བདུན་ཟུར་དུར་སྐག་ཟློག །བདག་གི་ཚེ་རབས་ཐོག་མ་མེད་པ་ནས། །མི་ནོར་ལན་ཆགས་བུ་ལོན་སྦྱངས་ཕྱིར་བསྔོ། །ཞེས། སཾ་བྷ་ར། བརྒྱའམ་ཉེར་གཅིག་སོགས་བརྗོད་མཐར་ལོ་བདུད་དམ་དགྲ་ཕྱོགས་སུ་བསྐྱལ་ལོ།། ༈ མདོས་གླུད་ཐམས་ཅད་ཀྱི་མཇུག་ཏུ་རྫོང་འདེབས་བསྔོ་བ། སྙིང་རྗེ་ཆེན་པོས་བྱའོ།། ཨོཾ་ཨཱཿཧཱུྃ༔ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །བགེགས་ཆེན་བཞི་དང་སྟོང་ཕྲག་བརྒྱད་ཅུའི་གདོན། །


CMR038_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བསེན་དམ་སྲི་རྒྱ་འདྲེ་ཡུལ་འདྲེ་དང་། །སྲིད་པའི་འཁྲུག་འདྲེ་ཐན་སྐྱ་ཉི་ཤུ་གཅིག །མི་ཁ་བྲ་མཆུ་ཀླུ་སྲིན་ཕོ་མོའི་གདོན། །ཟ་འདྲེ་ཤི་གཤེད་ལྟོགས་འགོང་དབུལ་སྲི་དང་། །ལྟེ་ཕུར་ནག་མོ་འདྲེ་སྲིན་དགུ་འཁོར་བཅས། །སོ་འདྲེ་མོ་གདོན་བཙན་འདྲེ་ལམ་འདྲེ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་ལོ་སྤར་སྨེ། །སྔགས་བཙུན་བུད་མེད་གཅོད་པ་དམ་ལས་འདས། །སྨོན་ལམ་ལོག་པའི་མཚམས་སྦྱོར་ངན་པ་ཡིས། །ལས་ངན་འདྲེ་འགྱུར་ཤི་འདྲེ་ཤི་སྲི་དང་། །བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་ལ། །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། །ཟས་ནོར་སྲོག་གི་ལན་ཆགས་ཡོད་པ་རྣམས། །ཟ་རེ་འཐུང་སྐོམ་བྱེད་པའི་འདྲེ་གདོན་རིགས། །མ་ལུས་ལུས་པ་མེད་པ་ཐམས་ཅད་ལ། །ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་ལོ། །དཀོན་མཆོག་རྩ་གསུམ་རབ་འབྱམས་བདེན་པའི་མཐུས། །ཐམས་ཅད་མ་ལུས་ངོམ་ཞིང་ཚིམ་གྱུར་ཅིག །བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ཕན་སེམས་ལྡན། །མཐར་ཐུག་བདག་གཞན་སངས་རྒྱས་ཐོབ་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཅེས་བརྗོད་ལ། ཧོཿ གླུད་གཏོར་འདོད་ཡོན་


CMR038_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལྡན་འདི། །ཕྱོགས་འདིར་གནས་ཤིང་རྒྱུ་བ་ཡི། །རེ་ཞིང་ཆགས་དང་གནོད་དང་འཚེ། །སྣ་ཚོགས་གཟུགས་ཅན་ཡོངས་ཚོལ་སེམས། །འབྱུང་པོའི་རིགས་སུ་གྱུར་རྣམས་ལ། །བསྔོ་འོ་དགའ་མགུ་ཡི་རངས་ཚིམ། །འགལ་རྐྱེན་སྡུག་བསྔལ་འཁྲུལ་སྣང་ཀུན། །བདེ་ཆེན་ཀློང་དུ་གྲོལ་གྱུར་ཅིག །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཚོགས་དང་ཞེན་པ་དང་། །དྲན་དང་གཟུགས་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཨ་ཨ། རྗེས་རྫོང་འདེབས་བྱས་ཏེ་གླུད་གང་ཡིན་ལ་བརྒྱའམ་ཉེར་གཅིག་གང་ལྕོགས་མཐར། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །མཐར་མར་མེ་སྦྱར་ལ་གཏོར་གླུད་ཁ་ཕྱིར་བསྒྱུར་ཏེ་བཞག་ནས། བསྲོ། བསྐུལ་ལོ་འདྲེ་གདོན་འབྱུང་པོའི་ཚོགས། །དཔོན་གཡོག་ཡང་སྤྲུལ་འཁོར་བཅས་ཀུན། །མི་ནོར་ལས་ལྷག་འདོད་


CMR038_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་འདི། །ཁྱེར་ཅིག་བཞེས་ཤིག་ལྷ་འདྲེའི་ཚོགས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་བརྐུ་སྲོག་བདུད་བགེགས་མ་བྱེད། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །བུ་ལོན་བྱང་ལ་ལན་ཆགས་སྒྱུར། །མི་ལ་ན་ཚ་བར་ཆད་སྒྱུར། །ཕྱུགས་ལ་གོད་ཁ་ཡམས་ནད་སྒྱུར། །ཞིང་ལ་བཙའ་སད་སེར་བ་སྒྱུར། །སྡེ་བརྒྱད་བན་བོན་བྱད་མ་སྒྱུར། །ནད་མུག་མཚོན་འཁྲུག་གཡུལ་ངོ་སྒྱུར། །སྤར་སྨེ་ལོ་ཟླ་ཞག་དུས་ཀྱི། །སྐེག་བདུད་གཤེད་གསུམ་བཟློག་ཅིང་སྒྱུར། །དགྲ་འདྲེའི་བསམ་སྦྱོར་ལ་སོགས་པ། །ལྟས་ངན་ཐམས་ཅད་ཟློག་ཅིང་སྒྱུར། །ཅེས་ལམ་བསྟན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། རང་གཞན་ཀུན་ལ་གནོད་བྱེད་འདྲེ་གདོན་བགེགས། །སྟོང་ཉིད་སྙིང་རྗེའི་མཆོད་སྦྱིན་མགྲོན་རིགས་ཀུན། །ས་འོག་ས་སྟེང་ས་བླ་གར་གནས་ཀྱང་། །དགའ་མགུ་ངོམ་པར་གྱིས་ལ་རང་གནས་སུ། །ཚད་མེད་སྟོང་ཉིད་དབྱིངས་སུ་འཇའ་ལྟར་གཤེགས། །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་བྷུ་ཏ་གཙཱ། ཞེས་དགྲ་ཕྱོགས་སམ་བདུན་ཟུར་ལུང་མདོའི་གནས་སུ་གོམ་པ་བརྒྱ་དང་བརྒྱད་ཅུའི་ཕ་རོལ་དུ་བསྐྱལ་ལོ། །བགེགས་ཚོགས་འབྱུང་པོ་ཀུན་མཐའ་ཡི་རྒྱ་མཚོའི་ཕ་རོལ་དུ་བསྐྲད།


CMR038_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམས་ལ་རོལ་མོ་སྦྲགས་ལ་ཐུན་གྱིས་བྲབ། གུ་གུལ་བདུག་ལ་དྲག་སྔགས་ལ་ཨོཾ་སུཾ་བྷ་ནི་སོགས། ཞེས་བརྗོད་ལ་མཐར་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་ནས། །མི་གཡོ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །རྣམ་རྒྱལ་དབྱུག་སྔོན་ཁམས་གསུམ་འདོད་པའི་རྒྱལ། །ཧཱུྃ་ཀར་སྟོབས་ཆེན་རྣམས་ཀྱིས་རིམ་བཞིན་སྲུངས། །མེ་དཔུང་རྡོ་རྗེའི་གུར་ཁང་ཚྭ་ཚྭ་འཕྲོས། །མི་ནོར་བསྲུང་བྱ་ཐམས་ཅད་ཚུད་པར་གྱུར། །བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་བྷྱོ་རིཀ་རཀྟ། ཞེས་བརྗོད་མཐར་ཚེ་འགུགས་ཚེ་གཟུངས་གང་ཐོན་བྱའོ། །དེ་ནས་རང་ལུགས་ཡི་དམ་དང་སྲུང་མའི་ཚོགས་བསྐང་དང་གཏོར་འབུལ་རྗེས་ཆོག་ཤིས་བརྗོད་བསྡུ་རིམ་སོགས་བྱའོ། །ཨེ་མ་སྐྱེ་དགུ་སེམས་ཅན་སྙིང་རེ་རྗེ། །ཤཱཀ་ཐུབ་བསྟན་པའི་ཉི་མ་སྔོན་ནས་གཟིམས། །མ་ཕམ་དུང་གི་ཟླ་བ་ཚེས་མ་བྱུང་། །སྔར་བྱོན་པཎ་གྲུབ་རིག་འཛིན་གྲངས་མེད་བྱོན། །ཆོས་རྒྱལ་བཀའ་ཁྲིམས་དུང་གི་ཀ་བ་ཉམས། །ནག་ཕྱོགས་རྒྱལ་བློན་འབྱུང་པོས་རྒྱལ་བསྟན་བཤིགས། །སྤྱོད་ངན་རང་བྱས་རྣམ་སྨིན་འབྱུང་པོའི་གདོན། །གཟའ་ཀླུ་རྒྱལ་བཙན་གཤིན་རྗེ་མ་མོས་འཚེ། །མི་ཕྱུགས་དལ་ཡམས་བར་ཆད་བཟློག་པའི་ཕྱིར། །དགོས་ཞེས་ཚིག་ཉུང་དོན་བསྡུས་གཏོ་འབུམ་འདི། །དེང་སང་སྙིགས་མའི་སེམས་ཅན་ཕན་པའི་ཐབས། །ཟབ་དོན་སྤྲོས་ཆུང་སྔགས་ཀྱི་རྣལ་འབྱོར་


CMR038_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འགས། །མ་འོངས་གྲོང་ཆོག་བདལ་བའི་དུས་སྐབས་སུ། །ནན་ཏན་བསྐུལ་ངོར་དབོན་པོ་ཆོས་འཕེལ་གྱིས། །ལྷ་རྫས་རིན་ཆེན་མཎྜལ་ཕུལ་ནས་ཞུས། །དུས་བཟང་དཔྱིད་ཟླ་ར་བའི་ཚེས་བརྒྱད་ནས། །བརྩམས་ཏེ་ཁོ་བོ་རཱ་ག་ཨ་སྱ་ཡིས། །གཏོ་འབུམ་བརྒྱ་བརྒྱད་མཛད་པའི་རྗེས་ཐོག་ཏུ། །གཏོ་འབུམ་དོན་བསྡུས་གཏོ་སྣ་རེ་གཉིས་འདི། །འགྲོ་ལ་ཕན་པའི་ཐུགས་བསྐྱེད་སྨོན་ལམ་གྱིས། །སྔགས་ཆུང་ཨོ་རྒྱན་མགོན་ལ་སྤེལ་ཏེ་བྲིས། །ཉེས་འགལ་མཆིས་ན་ཡི་དམ་ལྷ་ལ་བཤགས། །འདི་ཕྱིའི་སྒྲིབ་པར་མ་གྱུར་དངོས་གྲུབ་སྩོལ། །འདི་བྲིས་རྩོམ་པའི་དགེ་བས་འགྲོ་བ་ཀུན། །བར་ཆད་ཀུན་ཞི་འགྲོ་དོན་མཁའ་ཁྱབ་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་ལས་ཉེ་བར་མཁོ་བའི་གཏོ་འབུམ་དྲུག་ཅུ་རྩ་གཉིས་ཕན་བདེའི་རྒྱ་མཚོ།next