Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
གླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས།next

གླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས།


CMR038_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས་བཞུགས་སོ། །ཐེབ་ཙེ་ནང་ངམ་གང་རུང་སྣོད་དུ་ནི། །རྒྱུན་དུ་གཏོང་ན་ཆུ་དང་ནས་ཀྱང་རུང་། །ནད་པའི་གླུད་དུ་བཏང་ན་ངར་མིའི་གཟུགས། །ཆངས་བུ་ཏིང་ལོ་ལ་སོགས་བཤམས་བྱས་ལ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམ་བཞི་བསྒོམ། །ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརྨཱསྭ་བྷ་བ་ཤུདྡྷོཉཧཾ། རང་ཉིད་ཁ་སར་པ་ཎིའི་སྐུ་རུ་གྱུར། །ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། །ཨོཾ་ཨཱཿཧཱུྃ། དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས། །བདག་ཅག་དཔོན་སློབི་མི་ནོར་འཁོར་བཅས་ལ། །གནོད་པའི་ལན་ཆགས་བགེགས་རྣམས་འདིར་ཁུག་ཅིག །ཊཱ་ཀི་ཧཱུྃ་ཛ༔ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །བགེགས་ཆེན་བཞི་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། །ལན་ཆགས་བུ་ལོན་ཤ་འཁོན་བཅས་རྣམས་ལ། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གླུད་གཏོར་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ། །ཕྱིན་ཆད་འཁོར་འདིར་


CMR038_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པར་མ་བྱེད་ཅིག །ཅེས་ཚར་མང་དུ་གཏོང་རྗེས། ཆོས་སྦྱིན་སྤྱི་ལྟར་བྱས་ལ། གནོད་བྱེད་བགེགས་རིགས་ལན་ཆགས་རྣམས། །སོ་སོ་རང་རང་གནས་སུ་གཤེགས། །སརྦ་བྷཱུ་ཏ་གཙྪགཙྪ། ཞེས་པས་མགྲོན་རྣམས་རང་གནས་སུ་བཏང་རྗེས། གཏོར་མ་ཕྱི་རོལ་དུ་བསྐྱལ། ནད་པ་ཡིན་ན་ལོ་གྲངས་བཏང་ནས་ལོ་བདུད་ཕྱོགས་སུ་འབུལ། གང་ལྟར་ཡང་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །འདི་ནི་རྒྱུན་དུ་བཏང་ན་རང་ངམ་ནད་པ་ལ་ཤིན་ཏུ་ཕན་པས་ཉམས་སུ་བླང་བ་གལ་ཆེའོ། །ཞེས་རང་ངམ་ནད་པ་གང་ལའང་སྦྱར་ཆོག་པའི་གླུད་གཏོར་ལོ་གྲངས་དང་བརྒྱ་རྩ་སོགས་ཁྱེར་བདེ་འདི་བཞིན་དགོས་པ་འགའ་བྱུང་ནས་ཀརྨ་ཨ་རཱ་གས་སྦྱར་བའོ།། །།ཤུ་བྷཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས།next